ལོ་སར་གནམ་གང་ཉིན་མར་མེ་ཁྲོམ་སྐོར།

ལས་འགུལ་འདི་ནི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་ལོ་ལྟར་ལོ་སར་ཚེས་གཅིག་ཉིན་གྱི་ལས་འགུལ་ཞེས་བོད་ཀྱི་གནམ་ལོ་གསར་ཚེས་ཉིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་།  ལྷག་དོན་བོད་ཀྱི་ད་ལྟའི་གནས་བབ་ཛ་དྲག་ཁྲོད་བོད་མི་ཡོངས་ཀྱིས་བོད་དོན་ཁྱབ་བསྒྲགས་དང་། རང་ནུས་ཅི་ལྕོགས་ཀྱིས་བོད་པའི་ལས་འགན་སྒྲུབ་དགོས་པའི་འབོད་སྐུལ། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་ཆེད་བཅས་ལ་དམིགས་ཏེ་ལས་འགུལ་ལོ་ལྟར་སྤེལ་གནང་གི་ཡོད་འདུག་ཅིང་། ལས་འགུལ་འདིར་སུད་སི་དང་ལེཀ་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང་། ཡུ་རོབ་སྤྱི་ཟུར། དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་གིས་གཙོས་མི་མང་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་ཞིག་འཇར་མན་ནང་འགྲེམས་སྤེལ་བྱས་གསལ། དེ་རིང་ནི་བོད་ཀྱི་ལོ་སར་ཡིན། འོན་ཀྱང་ང་ཚོར་ལོ་སར་ལ་སྤྲོ་སྐྱིད་གཏོང་རྒྱུའི་སེམས་ཚོར་གང་ཡང་མེད། རྒྱུ་མཚན་ནི་ཉིན་དེ་རིང་བར་བོད་ཕྱི་ནང་གཉིས་སུ་བོད་པའི་རང་དབང་ཆེད་མི་གྲངས་ ༡༣༡ ཙམ་གྱིས་སྐུ་ལུས་མེར་སྲེག་གནང་ཡོད་པ་དང་། བོད་ནང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་ཏེ་ བོད་པ་སྟོང་ཕྲག་མང་པོ་འཇུ་བཟུང་གིས་བོད་ཡུལ་བཙོན་ར་ལྟ་བུར་སྒྱུར་བཞིན་ཡོད་པས་ཡིན། དེ་རིང་ང་ཚོས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་འདི་བརྒྱུད་རྒྱལ་སྤྱིའི་མི་མང་ལ་འབོད་སྐུལ་གསུམ་ཞུ་རྒྱུ་ཡིན། དང་པོ། ང་ཚོ་བོད་པའི་རང་དབང་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པས། རྒྱ་གཞུང་གི་ཧམ་བཤད་དང་བཙན་གནོན་འོག་གནས་པའི་མི་རིགས་འདིའི་ལས་དབང་ལ་རྒྱབ་སྐྱོར་གནང་བ་ནི་བདེན་པ་ལ་རྒྱབ་སྐྱོར་གནང་བ་ཡིན། གཉིས་པ། རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་འཁྱོག་བཤད་དང་ལོ་རྒྱུས་རྫུན་བཟོ་བྱས་ཏེ་ཁྱབ་བསྒྲགས་ཅི་ཆེ་བྱེད་ཀྱིན་པ་ནི་དོན་དངོས་རྒྱལ་སྤྱིའི་མི་མང་མགོ་སྐོར་གཏོང་བཞིན་པ་ཡིན། གསུམ་པ། ཉེ་བའི་ཆར་རང་དབང་ལ་དགའ་ཞེན་ཆེ་བའི་རྒྱལ་ཁབ་ཁག་ཅིག་གིས། གནས་སྐབས་ཚོང་དོན་ཀྱི་ཁེ་ཕན་ཆུང་ཚག་ཆེད་རྒྱ་གཞུང་གི་གནོན་ཤུགས་ལ་ངོས་ལེན་གནང་བཞིན་པ་ནི། མི་འགྱངས་པར་རྒྱལ་ཁབ་དེ་དག་ནང་བོད་ཀྱི་ད་ལྟའི་གནས་བབ་གཉིས་པ་ཞིག་མི་ཡོང་བའི་ངེས་པ་མེད་ཞུ་རྒྱུ་ཡིན།   ཅེས་སོགས་འཁོད་འདུག

བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ནང་གསུངས་དོན། ང་ཚོས་འདས་བའི་ལོ་རྙིང་བའི་ནང་སོ་སོས་བོད་བསྟན་སྲིད་ཆེད་ལས་དོན་ག་འདྲ་ཞིག་བསྒྲུབས་ཡོད་པར་ཕྱིར་བལྟ་དང་། ལྷག་དོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་དཀའ་ལས་ག་ཚོད་བརྒྱབ་ཡོད་མེད་དང་། ༧གོང་ས་མཆོག་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དཀའ་ལས་ག་ཚོད་རྒྱག་གིན་འདུག་པར་མིག་དཔེ་བཟུང་ནས། འཆར་ལོའི་ནང་རང་ཉིད་ཀྱི་བོད་བསྟན་སྲིད་ཆེད་ཕན་པའི་ཕྱག་ལས་ག་རེ་གནང་དགོས་མིན་ཐད་ཆོད་སེམས་བརྟན་པོ་ཞིག་འཇོག་དགོས་ཀྱི་ཡོད། ཅེས་སོགས་གསུངས་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སམས་རགས།