ལོ་གསར་པའི་ནང་ཐའེ་ཝན་དུ་ཞི་བདེའི་སྨོན་ལམ་ཚོགས་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཚེས་༡ཚེས་༤ཉིན། ལོ་གསར་པའི་ནང་ཐའེ་ཝན་རུ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་འཆམ་མཐུན་གྱི་སྨོན་ལམ་འདུ་ཚོགས་སྐབས། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཆོས་ལུགས་འཆམ་མཐུན་ནི་ཧ་ཅང་གལ་འགང་ཆེ་བ་ཞིག་ཡིན་སྐོར་བཀའ་སློབ་གསུང་བཤད་གནང་ཡོད་འདུག ཡང་ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་སྙིང་པོ། ཆོས་ལུགས་དབར་འཆམ་མཐུན་གོང་སྤེལ་གཏོང་རྒྱུ་དང༌། འཛམ་གླིང་གི་ཆོས་ལུགས་མང་ཆེ་བའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན་ལུགས་གསུངས་འདུག
༼འཛམ་གླིང་ཞི་བདེ་དང་ཆོས་ལུགས་འཆམ་མཐུན་གྱི་སྨོན་ལམ་འདུ་ཚོགས་༽དེ་ཉིད་གོ་སྒྲིག་གནང་མཁན་ཐའེ་ཝན་དུ་ཡོད་པའི་ཐོས་བསམ་ཆོས་གླིང་བོད་ཀྱི་ནང་ཆོས་ལྟེ་གནས་ཀྱི་མཁན་པོ་ཚེ་རྣམ་དང༌། ལུང་ཧྲན་དགོན་པ། དེ་བཞིན་ཏཱ་ལའི་བླ་མའི་བོད་ཀྱི་ནང་ཆོས་ཐེ་རྩ་ཁང་གི་ལམ་སྟོན་འོག་ཡོད་པའི་ཐའེ་ཝན་གྱི་ཧྥ་ཧྲན་དགོན་པ་བཅས་ཡིན་འདུག
སྐབས་དེར་མཁན་པོ་ཚེ་རྣམ་དང་གཞན་ཡང་ཐའེ་ཝན་གྱི་དགེ་འདུན་པ་ཚོས། ཐའེ་ཝན་དུ་ཡོད་པའི་ནང་པ་རྗེས་འཇུག་པ་ཚང་མ་ཕན་ཚུན་མུ་མཐུད་མཐུན་སྒྲིལ་གང་ལེགས་དང༌། དེ་བཞིན་ཆོས་ལུགས་འཆམ་མཐུན་ལ་དེ་ལས་ཀྱང་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་ལུགས་གསུངས་ཡོད་འདུག
ཞི་བདེ་སྨོན་ལམ་འདུ་ཚོགས་དེའི་ཐོག རྒྱ་གར་ལས་ཕྱི་ལོགས་སུ་གནས་པའི་འཛམ་གླིང་བྱང་ཁུལ་གྱི་ནང་པ་དང༌། འཛམ་གླིང་ཤར་ཁུལ་གྱི་ནང་བཅས་ནང་པའི་ཆོས་བརྒྱུད་ཁག་མི་འདྲའི་ནང་པའི་རྗེས་འཇུག་པ། དེ་བཞིན་ཐའེ་ཝན་དང་ཐའེ་ཝན་དུ་ཡོད་པའི་བོད་པའི་དགོན་པ་དང་ནང་ཆོས་ལྟེ་གནས་བཅས་ཀྱི་གྲྭ་བཙུན་སོགས་ཁྱོན་མི་གྲངས་༦༠༠ཙམ་འདུ་འཛོམས་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སམས་རགས།