ལོ་གཅིག་རིང་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ།

ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཚང་མས་མཁྱེན་མངའ་ལྟར་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་དབུ་འཛུགས་གནང་སྟེ་ལོ་ངོ་ཧྲིལ་བོ་གཅིག་འཁོར་བའི་ཉིན་མོ་ཡིན་པ་དང་། གོང་ཚེས་ཉིན་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༢༤ པ་དང་། ༢༠༡༣ ལོའི་ལས་འགུལ་མཐའ་མ་དེ་སྤེལ་ཡོད་འདུག

གོང་བརྗོད་ནང་མི་གཉིས་ཀྱིས་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་བོད་དོན་ཞུ་གཏུག་གི་ལས་འགུལ་དབུ་འཛུགས་ཞུས་ཏེ་ལོ་གཅིག་ཧྲིལ་བོ་འཁོར་ཡོད་པ་དང་། ལོ་ངོ་གཅིག་གི་རིང་སུད་སི་གྲོང་ཁྱེར་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མདུན་བཅས་སུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༢༤ དང་། སུད་སི་ས་གནས་ Emmenbruck ནང་བོད་དོན་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཐེངས་གཉིས། དེ་བཞིན་བོད་ཟས་སྦྱིན་གཏོང་དང་བོད་དོན་ཁྱབ་བསྒྲགས་ལས་འགུལ་ཐེངས་གཅིག་བཅས་ཁྱོན་བོད་དོན་ལས་འགུལ་ཐེངས་ ༢༧ སྤེལ་ཡོད་འདུག་ཅིང་། ལས་འགུལ་འདི་ནི་ཡུ་རོབ་ཁུལ་ནང་བོད་དོན་ལས་འགུལ་རྒྱུན་རིང་ཤོས་དེ་ཆགས་ཡོད་པ་མ་ཟད། ཁྱིམ་ཚང་འདི་གཉིས་ཀྱིས་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ནས་སླར་ཡང་ལོ་གཅིག་རིང་ལས་འགུལ་འདི་བཞིན་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་ཡིན་འདུག

དེ་ཡང་ལས་འགུལ་འདི་ནི་ཟླ་གཅིག་གི་ནང་རེས་གཟའ་ལྷག་པ་དང་པོ་དང་། རེས་གཟའ་ལྷག་པ་གསུམ་པ་གཉིས་སུ་བསྟུད་མར་ཟླ་རེར་ཐེངས་གཉིས་རེ་སྤེལ་གྱིན་པའི་ལས་འགུལ་ཞིག་དང་། ལས་འགུལ་སྤེལ་སྟངས་དེ་ཡང་མི་མང་པོ་ལྷན་དུ་འཛོམས་ཏེ་སྐད་འབོད་སོགས་གནང་རྒྱུ་མ་ཡིན་པར། རྒྱལ་ཚོགས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་དགོས་འདུན་སྙན་ཞུ་གཏོང་བཞིན་ཡོད་འདུག  ཙ་ཡུལ་ཕུན་ཚོགས།

འབྲེལ་གཏུག་ཞུ་ཡུལ།ཁ་པར། 0041764774162 སྟག་ཚང་དཀོན་ཅོགཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།