ལུ་རྫན་གྲོང་ཁྱེར་མེ་འཁོར་ས་ཚིགས་ལྟེ་བ་རུ་གདུང་སེམས་མཉམ་སྐྱེད་དང་མར་མེ་མཆོད་འབུལ།

དེ་རིང་སྤྱི་ལོ་༢༠༡༥  ཟླ་༨ཚེས་༡༣ རེས་གཟའ་ཕུར་བུའི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཐོག་ས་གནས་ལུ་རྫན་ཚོགས་ཆུང་གོ་སྒྲིག་འོག་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་དབུ་བཞུགས་ཀྱིས་འདས་གྲོངས་སུ་སོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གཙོས་བོད་ནང་གི་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་དང་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་དང་མྱོང་བཞིན་པའི་བཙོན་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ། ལུ་རྫན་གྲོང་ཁྱེར་མེ་འཁོར་ས་ཚིགས་ལྟེ་བ་རུ་གདུང་སེམས་མཉམ་སྐྱེད་དང་མར་མེ་མཆོད་འབུལ། གསོལ་འདེབས་སྨོན་ལམ་སོགས་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱས་སོང་ལ། ས་གནས་མང་ཚོགས་བརྒྱ་ཕྲག་གཅིག་མ་ཟིན་ཙམ་ཞིག་འདུ་འཛོམས་གནང་འདུག སྐུ་མགྲོན་གཙོ་བོ་ས་གནས་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་རྒ་བྷི་རེ་ལ་(Gabriela)མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་བོ་སྙན་གྲགས་ལགས། སྟག་ཚང་དཀོན་མཆོག་ལགས་བཅས་གདན་འདྲེན་ཞུ་འདུག སྐུའི་ཚ་བོ་སྙན་གྲགས་ལགས་ཀྱིས་གསུང་དོན་ལྟར་ན། ༡༩༥༠ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དུས་བཟང་ཁྱད་པར་ཅན་ལྷ་བབས་དུས་ཆེན་ཉིན་མོར་སྐུ་འཁྲུངས་པ་ཞིག་ཆགས་ཡོད་པ་དང་། རིན་པོ་ཆེ་དགུང་ལོ་བདུན་ཐོག་ལི་ཐང་དགོན་ཆེན་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་དེ་རྗེས་ཡ་ང་བའི་དུས་ཚོད་ཞིག་གི་འོག་དགོན་པ་ནས་སྡོད་མ་ཐུབ་པར་རང་ཁྱིམ་དུ་བཞུགས་དགོས་བྱུང་ཡོད། བསླབ་པ་སློབ་གཉེར་བྱེད་ས་མེད་པ་དང་དཀའ་ངལ་མང་བོ་ཞིག་ལ་བརྟེན་ནས་༡༩༨༢ ལོར་རྒྱ་གར་དུ་ཕེབས་ཐུབ་པ་བྱུང་ནས་༧ གོང་ས་མཆོག་གི་སྐུ་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༨༣ལོར་༧གོང་ས་མཆོག་གིས་ལི་ཐང་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་དེ་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ལོ་ངོ་ལྔ་རིང་ཐོས་བསམ་གྱི་སློབ་གཉེར་གནང་བ་དང་། དེ་རྗེས་སྐུ་ཐོག་གོང་མའི་འབྲེལ་ཡོད་མི་སྣ་མང་བོ་ཞིག་གིས་རེ་འདོད་དང་༧ གོང་ས་མཆོག་གིས་ཁྱེད་ནི་སེམས་ཤུགས་ཅན་གྱི་མི་ད་ལྟའི་གནས་སྐབས་ལ་བོད་ནང་ལ་མཁོ་བའི་དུས་ཤིག་རེད་ཅེས་བཀའ་གསུང་སོགས་རྐྱེན་མང་བོ་ཞིག་གིས་ཕྱིར་བོད་ལ་ཕེབས་དགོས་བྱུང་བ་དང་། བོད་ལ་ཕེབས་པ་ནས་བཟུང་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དུ་དགོན་པ་ཡར་རྒྱས། རྒན་གསོ་ཁང་། སློབ་གྲྭ། དྭ་ཕྲུག་གསོ་སྐྱོངས་ཁང་སོགས་གསར་འཛུགས་ཀྱིས་མཛད་འཕྲིན་མཐའ་མེད་པ་ཞིག་སྐུ་ངལ་སྐྱོན་མཐར། རྒྱའི་བཙོན་འོག་ཏུ་མི་ལོ་ཧྲིད་བོ་༡༣ལ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྡུག་སྦྱོང་ཚད་མེད་ངང་བཞུགས་དགོས་བྱུང་ལ། ༢༠༡༥ ལོའི་ཟླ་༧པའི་ཚེས་༡༢རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་༡༠ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་མ་ཟད་ད་དུང་སྐུའི་རས་ཐ་ཙམ་ཡང་ཕྱིར་མ་སྤྲད་པའི་སྡུག་བསྔལ་བཟོད་ཐབས་པ་ཞིག་གི་ངང་གནད་དོན་དེ་ལྷག་བསྡད་ཡོད། རིན་པོ་ཆེ་འདས་གྲོངས་སུ་གྱུར་ཡང་ཁོང་གི་བདེན་མཐའ་མ་སེལ་བར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་བ་དང་འབོད་སྐུལ་བཅས་བདེན་མཐའ་མ་གསལ་བར་དུ་ང་ཚོས་ལས་འགུལ་མཇུག་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་། དེ་རྗེས་ལ་ཁྱིམ་ཚང་ལྔ་ཡིས་བོད་བསྟན་པ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་ལུ་རྫན་ས་གནས་སྟག་ཚང་དཀོན་མཆོག་ལགས་ནས་གསུང་བཤད་གནང་སོང་ལ། ཁོང་གིས་གསུང་དོན་དེ་རིང་ཆེད་དུ་སྐུ་མགྲོན་དུ་ཕེབས་པའི་སྐུའི་ཚ་བོ་ལགས་ལ་དམིགས་གསལ་གྱིས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ང་ཚོ་དེ་རིང་འདིར་ག་རེ་བྱས་ནས་འཛོམས་པ་རེད། ག་རེ་བྱས་ནས་འདིར་ཚོགས་དགོས་པ་དེ་ང་ཚོས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། མི་ལོ་ཧྲིལ་བོ་༡༣རིང་ལ་སྡུག་སྦྱོང་མནར་གཅོད་མྱངས་ནས་གྲོངས་མཁན་དེ་སུ་རེད། དེ་ང་ཚོས་ཧ་གོ་དགོས་པ་ཅིག་རེད། གྲོངས་མཁན་དེའི་དུས་ཚོད་དང་ཉི་མ་ང་ཚོས་ནམ་ཡང་བརྗེད་ན་མི་འགྲིག ཁོང་གྲོངས་དགོས་པའི་རྒྱུ་མཚན་ཁོང་བོད་པ་ཡིན་པས་རེད། ཁོང་བོད་་ལ་ཤ་ཞེན་ཡོད་པ་དང་ལ་རྒྱ་ཡོད་པ། དེ་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་ཁོང་རྒྱ་མིས་བཀྲོངས་པ་རེད། ལྷག་པར་དུ་ཁོང་གིས་ག་རེ་གནང་བ་དང་ཁོང་རྒྱ་མིས་ག་རེ་བྱས་ནས་བཀྲོངས་དགོས་པ་དེ་ང་ཚོས་ཧ་གོ་དགོས་པ་དེ་གལ་ཆེན་པོ་རེད་ཞེས་སོགས་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་ཤིག་གསུང་ནས་མུ་མཐུད་དུ་ང་ཚོས་བརྗེད་མི་ཉན་པའི་དུས་ཚོད་མང་བོ་ཞིག་ཡོད། སྤྱི་ལོ༡༩༥༩ དང༡༩༥༠ཐམ་པ། སྤྱི་ལོ་༡༩༦༤ནས་བདུན་ཅུ་དོན་གྲངས་པར། དེ་བཞིན་སྤྱི་ལོ་༡༩༨༩དང་༢༠༠༨། ༢༠༠༩ བཅས་འདི་ཚང་མ་ང་ཚོས་དུས་ནམ་ཡང་བརྗེད་མི་ཉན། འདི་ང་ཚོའི་མི་རིགས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཉིན་མོ་རྐྱང་རྐྱང་ཆགས་ཡོད་པ་རེད། དེ་ང་ཚོ་ཚང་མས་མ་བརྗེད་པ་བྱེད་དགོས། དེ་འདྲ་ཞིག་ཞུ་འདོད་བྱུང་། དེ་བཞིན་པཎ་ཆེན་རིན་པོ་ཆེ། གོང་ཐང་རིན་པོ་ཆེ། མཁན་པོ་འཇིག་མེད་ཕུན་ཚོགས་སོགས་མང་བོ་ཞིག་རྒྱ་མིས་བཀྲོངས་པ་རེད། དེ་མ་ཟད་སྐུ་ལུས་མེར་སྲེག་གཏོང་མཁན་དང་དཔའ་བོ་དཔའ་མོ་མང་བོ་ཞིག་ང་ཚོསབརྗེད་མི་ཉན་པ་དང་བརྗེད་ན་ལས་འབྲས་ཕར་ཤོག་འཇུག་རྟེན་མིའི་ཡ་རབས་སྤྱོད་བཟང་ལའང་མི་མཐུན་པའི་ཚང་མས་དཔུང་བ་མཉམ་གཤིབ་བྱེད་དགོས་པ་དང་སྤྱི་དོན་ཞིག་ཡིན་ཕྱིན་ཚང་མ་མཉམ་ཞུགས་བྱེད་དགོས་པའི་འབོད་སྐུལ་བཅས་གསུང་བཤད་ལྷུག་པོ་གནང་བྱུང་། མཐའ་མར་ས་གནས་ཚོགས་འཐུས་ཆོས་འཁོར་ཚང་བསྟན་འཛིན་ཚེ་རིང་ལགས་ནས་ཐུགས་རྗེ་ལེགས་འབུལ་དང་སྦྲགས་མི་མང་ལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་དཔའ་བོ་དཔའ་མོའི་རེ་འདོད་སྐོངས་ཐུབ་པའི་འབོད་སྐུལ་བཅས་མིང་མང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་ཤུགས་ཆེན་པོས་བཏང་བ་དང་མཆོད་འབུལ་རྒྱལ་ཁའི་ངང་འཇུག་སྒྲུབ།  ས་གནས་གསར་འགྱུར་མཁོ་གཏོང་བ།  གངས་ལྷག་བསམ་ནས། 

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།