ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ལོ་གྲངས་ ༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། ༢༠༡༥ ཟླ་  ༡༢  ཚེས་  ༡༠  རེས་གཟའ་ཕུར་བུ་ཉིན་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ལོ་གྲངས་ ༦༧ འཁོར་བའི་ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་  ༡༦  པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་སུད་སི་གྲོང་ཁྱེར་འཇི་ཎི་ཝར་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ་རེད།   དེ་ཉིན་ཞོགས་པ་ཕྱག་ཚོད་ ༡༡།༠༠ ཐོག་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་དུ་ས་གནས་བོད་རིགས་མི་མང་ ༨༠༠  བརྒལ་བ་འདུ་འཛོམས་བྱུང་ཡོད།  ཐོག་མར་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་ལས་འགུལ་གྱི་མཛད་རིམ་གསལ་བསྒྲགས་བསྐྱངས་རྗེས་མང་ཚོགས་ནས་ངར་ཤུགས་ལྡན་པའི་ཞི་བའི་སྐད་འབོད་རྒྱུན་རིང་ཙམ་གནང།

ཆུ་ཚོད་   ༡༡།༥༠  ཐོག་མི་མང་རྣམས་སྐད་འབོད་སྐྱོན་བཞིན་ངང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་བར་གོམ་བགྲོད་ངང་བསྐྱར་འཛོམས་བྱུང།   མི་མང་ཟློས་གར་གྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་སྐུ་ལུས་མེ་མཆོད་ཕུལ་མཁན་བརྒྱ་དང་བཞི་བཅུ་བརྒལ་བ་རྣམས་ལ་རྗེས་དྲན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་པ་དང།  བར་མཚམས་ཞི་བའི་སྐད་འབོད་ཡང་སེ་གནང།  

མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང།    སྐུ་ཞབས་  Rene Longet ལགས་དངོས་སུ་ཕེབས་ཁོམས་བྱུང་མེད་སྟབས་ཁོང་གི་གསུང་བཤད་ཡིག་ཐོག་གནང་ཡོད་པ་ས་འཐུས་སྐར་མ་འཕྲིན་ལས་ལགས་ནས་སྒྲོག་སྦྱང་གནང།   དེ་བཞིན་ཤར་དབུས་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་དང་། ལྷག་དོན་ཞི་བའི་ཞུ་གཏུགས་སྐད་འབོད་འདི་ལྟ་བུ་བྱས་ན་ཕན་ཐོག་གཏན་གཏན་ཡོང་གི་ཡོད་པ་སོགས་གསུང།   

ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་མཆོག་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང།   མི་མང་གི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་ཞུ་སྙན་དབྱིན་ཡིག་ལྗགས་ཀློག་གནང་མཚམས་མུ་མཐུད་ཞི་བའི་སྐད་འབོད་གནང།    ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས།    སུད་སི་བོད་ཀྱི་བུད་མེད་ཚོགས་པ་བཅས་ཀྱི་སྐུ་ཚབ་དང།    སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་བཅས་ནས་ཀྱང་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང།    རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་དབུ་ཁྲིད་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང།  བདེན་ཚིག་སྨོན་ལམ་གསུང་འདོན་ཞུས་མཚམས་ཀི་ཀི་སོ་སོ་ལྷ་རྒྱལ་འཐེན།   ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་མཐའ་བསྡོམས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཕྱེད་ཡོལ་ཕྱག་ཚོད་ ༣།༣༠  ཐོག་དེ་ཉིན་གྱི་ལས་རིམ་མཇུག་སྡུ་ཞུས་པའི་སྙན་ཐོ་སྙིང་བསྡུས་སུ། གསར་འགོད་པ།   བསམ་པ་དོན་གྲུབ།


འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།