རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་དང་བོད་མིའི་སྐད་འབོད།

སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ལོ་རེར་ཚོགས་ཆེན་ཐེངས་གསུམ་ཚོགས་བཞིན་ཡོད་པ་དང་། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༤༧ནི་སྤྱི་ཟླ་༦་པའི་ཚེས་༢༡་ནས་བདུན་ཕྲག་གསུམ་ལྷག་རིང་འཚོགས་བཞིན་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་འདི་ནི་སྤྱི་ལོ་༢༠༠༦ ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༥་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབ་གནང་བའི་གྲོས་ཆོད་ཐོག་གསར་འཛུགས་གནང་བ་ཞིག་རེད་འདུག ལྷན་ཁང་གི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་མི་མང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ལ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུ་དེ་རེད་འདུག རྒྱ་ནག་ནི་སྤྱི་ལོ་༢༠༢༠་སྤྱི་ཟླ་༡༠་ཚེས་༡༣་ཉིན་་ལྷན་ཁང་འདིའི་འཐུས་མི་༤༧་ནང་དུ་འདེམས་ཐོན་བྱུང་འདུག

དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༢༥ རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༤༧ ཚོགས་སྐབས། རྒྱ་ནག་སྲིད་གཞུང་གིས་མནར་གཅོད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ལ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གིས་གོ་སྒྲིག་བྱས་ནས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་གནང་། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ཐོག་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེས་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོའི་ཚོའི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་གནང་བ་དང་། དེ་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོ་སྐར་མ་ཆོས་སྐྱིད་མཆོག་ནས་དབྱིན་སྐད་ཐོག་ནས་གསུང་བཤད་གནང་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ལ་ཞི་བདེ། བདེ་སྲུང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་དང་། ཡིན་ཡང་རྒྱ་ནག་གིས་རིམ་བཞིན་བོད་རྒྱ་ཁབ་ལ་བཙན་འཛུལ་བྱས་བ་ནས་དགོན་པར་གཏོར་བཤིག་དང་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བྱས་བ་དང་། གཏེར་ཁ་སྔོག་འདོན་ཚད་མེད་བྱས་པའི་རྐྱེན་གྱིས་ཁོར་ཡུག་ལ་གཏོར་གཤིགས་བྱས་པ་དང་མདོར་ན་སྐད་དང་རིག་གཞུང་ལ་གཏོར་བཤིག་ཚད་མེད་བྱས། དེ་བཞིན་རྒྱ་ནག་ནི་འཛམ་གླིང་ཁྱོམ་ཡོངས་ཀྱི་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་གསལ་བཤད་གནང་བྱུང་།
སུད་སུ་ས་གནས་ལོ་སན་གྱི་འཐུས་མི་ཀུན་བཟང་དབང་མོ་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་ཕུལ་བའི་ཞུ་གཏུགས་ཡི་གེ་སྦྱོར་ཀློག་གནང་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༤༧ ཚོགས་སྐབས་དང་བསྟུན་ནས་བོད་ཀྱི་ཡ་ང་བའི་གནས་སྟངས་དག་སྙན་སེང་བྱས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་བྱས། དེ་ནས་བློ་བཟང་དཔལ་ལྡན་མཆོག་ནས་དེ་རིང་གི་ངོ་རྒོད་ལས་འགུལ་སྐོར་གྱི་གསར་འགོད་གསལ་བསྒྲགས་གནང་།

སུད་སུ་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་ལགས་ནས་དེང་སེང་བོད་མིའི་ཞུ་གཏུགས་ལ་གྲུབ་འབྲས་ཡག་པོ་ཐོབ་བཞིན་ཡོད་པ་དང་ས་གནས་ལོ་སན་དུ་རྒྱ་ནག་ལ་ངོ་རྒོལ་བྱས་པ་ནང་བཞིན་བོད་མི་ཚོས་གོ་སྐབས་དམ་འཛིན་བྱས་ནས་ངོ་རྒོལ་ལས་འགུལ་དག་ལ་ཆ་ཤས་ལེན་རྒྱུར་གལ་ཆེན་པོ་ཡིན་གསལ་བཤད་གནང་།
དེ་ནས་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་མཆོག་ནས་མ་འོངས་བར་ཆབ་སྲིད་ཀྱི་ལུས་འགུལ་ཐོག་ཚོགས་པ་ཚང་མས་མཉམ་རུབ་གནང་དགོས་པ་གལ་ཆེན་ཡིན་པ་གསུང་སོང་། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་གཞིས་རྩེ་ཚང་ནས་དབྱིན་སྐད་ཐོག་ནས་གསུང་བཤད་གནང་པ་དང་དེ་བཞིན་སུས་སུད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཇད་ཁི་ཨ་ནི་མཆོག་ནས་གསུང་བཤད་གནང་།

མཇུག་མཐར་ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཞོན་བསྟནའཛིན་དབང་འདུས་མཆོག་ནས་ཚོགས་ཆུང་ཁག་གི་འཐུས་མི་རྣམ་པ་དང་ལས་འགུལ་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ལུས་འགུལ་མཇུག་སྒྲིལ་གནང་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།