རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༠ སྤེལ་ཡོད་འདུག

དེ་རིང་ཕྱི་ཚེས་༡༡་ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་བདུན་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༧༠སྤེལ་ཡོད་པ་དང་།   ཐེངས་འདིའི་ལས་འགུལ་ནང་སུད་སི་དང་ལེག་ཏན་སིཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་ཟུར་པ་ཨ་ཅ་པ་སངས་ལགས་དང་། གཞན་ཨ་ཅ་ཀརྨ་ཆོས་སྒྲོན་ལགས་གཉིས་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད་འདུག

ལས་འགུལ་པ་སྟག་ཚང་དཀོན་ཅོག་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་དོན། དེ་རིང་གི་ལས་འགུལ་འདི་ནི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ལམ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༠་པ་དེ་ཆགས་ཡོད་པ་དང་། རེབ་འདིའི་ལས་འགུལ་ནང་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཟུར་ཨ་ཅ་པ་སངས་ལགས་དང་། གཞན་ཨ་ཅ་ཀརྨ་ལགས་གཉིས་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད། ཅེས་དང་། དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་ཡོད་སྟབས། ཕྱི་རྒྱལ་བ་དང་ལྷག་དོན་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་། སློབ་ཕྲུག་མང་པོ་སླེབས་ཀྱི་ཡོད་སྟབས་ཁོ་ཚོས་དོ་སྣང་ཡག་པོ་གནང་གི་འདུག ཐེངས་འདིའི་ལས་འགུལ་ནང་བོད་དོན་འགྲེལ་བརྗོད་གྱི་ཡིག་ཆ་གྲངས་༤༠༠ལྷག་འགྲེམ་སྤེལ་ཞུ་ཐུབ་ཡོད། ཅེས་སོགས་གསུངས་སོང་།

ཁྱིམ་ཚང་བདུན་གྱི་བོད་དོན་ཞུ་འབོད་དམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འདི་ནི་ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་སི་གནས་སྡོད་ཁྱིམ་ཚང་གཉིས་ཀྱི་འགོ་འཛུགས་གནང་བ་དང་། ཕྱི་ལོ ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་། ཕྱི་ལོ ༢༠༡༦ ཟླ ༡ ཚེས ༡༣ ནས་བཟུང་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཞིང་། ༢༠༡༧ ལོའི་ཟླ་༧ ཚེས་༡༢ ཉིན་ཚེ་རིང་རྒྱལ་བོ་ལགས་ཀྱི་ནང་མི་མཉམ་ཞུགས་གནང་བ་ནས་ཁྱིམ་བདུན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང་། ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་འཐུས།ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། བོད་ནང་གི་བོད་མིའི་མངོན་འདོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།