རྒྱལ་ཚོགས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༨༨ སྤེལ།
ཕྱི་ལོ ༢༠༡༩ ཟླ ༣ ཚེས ༡༣ ཉིན ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༨༨ པ་སྤེལ་འདུག་པ་དང་། སུད་སི་དོན་གཅོད་གསར་རྙིང་གཉིས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་སོགས་ཀྱིས་གཙོས་པའི་མི་སྣ་ཁག་ཅིག་ཆེད་དུ་ལས་འགུལ་བ་རྣམས་ལ་འཚམས་འདྲི་དང་། གདུང་སེམས་མཉམ་བསྐྱེད་ཆེད་ཕེབས་གནང་ཡོད་འདུག
གོང་ཚེས་ཉིན་ཁྱིམ་ཚང་བདུན་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༨༨ པ་དེ་ཡུལ་འདིའི་རྣམ་གཤིས་ཆར་རླུང་དྲག་པོའི་ཁྲོད་ནས་སྤེལ་དགོས་བྱུང་ཡོད་པ་དང་། རྣམ་གཤིས་ཀྱིས་རྐྱེན་པས་ལས་འགུལ་བ་རྣམས་ཀྱིས་ཡིག་ཆ་དང་། འཕྲེད་དར། རྒྱལ་དར་སོགས་རླུང་གིས་ཁུར་ཞིང་ལས་འགུལ་བ་རྣམས་ལ་དཀའ་ངལ་མི་ཉུང་བ་བཟོས་ཡོད་འདུག
ལས་འགུལ་བ་རྣམས་ཀྱིས་དེ་རིང་གི་ལས་འགུལ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གནམ་གཤིས་ཧ་ཅང་གྲང་ཡང་ལས་འགུལ་བ་རྣམས་ཀྱིས་མུ་མཐུད་ལས་འགུལ་སྤེལ་ཡོད་ལ། ཆར་རླུང་གི་རྐྱེན་པས་ཡིག་ཆ་ཁག་ཅིག་ལ་གནོད་སྐྱོན་ཅུང་བཟོས་སོང་མོད། ང་ཚོའི་ལས་འགུལ་འདི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཞིག་ཡིན་སྟབས། སེམས་ཤུགས་དང་བློ་ཕམ་ཅི་ཡང་མེད་པའི་ཐོག་ནས་རྣམ་གཉིས་འདི་ལྟ་བུ་ལ་གདོང་ལེན་ཐེངས་མང་བྱེད་ཀྱིན་ཡོད། དེ་རིང་ལས་འགུལ་ནང་སུད་སི་སྐུ་དོན་གཅོད་རྙིང་པ་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་དོན་གཅོད་གསར་པ་འཆི་མེད་རིག་འཛིན་ལགས་གཉིས་ཆེད་ཕེབས་དང་། ཞོར་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཆེན་དོན་གྲུབ་དབང་ཆེན་དང་། ཁོང་གི་ལས་རོགས་ཁག་ཅིག་བཅས་ཕེབས་ཏེ་ལས་འགུལ་བ་རྣམས་ལ་འཚམས་འདྲི་གནང་བ་ལ་ལས་འགུལ་བ་ཚང་མ་དགའ་སྤོབས་ཆེན་པོ་སྐྱེས་སོང་། ཞེས་འགྲེལ་བརྗོད་གནང་སོང་།
ཁྱིམ་ཚང་བདུན་གྱི་བོད་དོན་ཞུ་འབོད་དམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་འདི་ནི་ཕྱི་ལོ ༢༠༡༢ ཟླ ༡༢ ཚེས ༡༠ ནས་ཇི་ནེ་ཝ་རྒྱལ་ཚོགས་མདུན་དུ་སུད་སི་གནས་སྡོད་ཁྱིམ་ཚང་གཉིས་ཀྱི་འགོ་འཛུགས་གནང་བ་དང་། ཕྱི་ལོ ༢༠༡༤དང་༢༠༡༥ལོར་རིམ་བཞིན་ཁྱིམ་ཚང་གསུམ་དང་ཁྱིམ་ཚང་བཞི་ཡིས་ཟླ་རེའི་གཟའ་ལྷག་པ་དང་བོ་ནམ་ཡིན་ལ་ལས་འགུལ་སྤེལ་ཅིང་།ཕྱི་ལོ ༢༠༡༦ ཟླ ༡ ཚེས ༡༣ ནས་བཟུང་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཞིང་། ༢༠༡༧ ལོའི་ཟླ་༧ ཚེས་༡༢ ཉིན་ཚེ་རིང་རྒྱལ་བོ་ལགས་ཀྱི་ནང་མི་མཉམ་ཞུགས་གནང་བ་ནས་ཁྱིམ་བདུན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང་། ཟླ་རེའི་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་འཐུས།ཚོགས་སྡེ་དང་མི་སྒེར་བཅས་འཛམ་གླིང་མི་མང་ལ། བོད་ནང་གི་བོད་མིའི་མངོན་འདོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས་དོན་ཚན་ཁག་ཞུ་གཏུག་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།