རྒྱལ་ཚོགས་ནང་བོད་དོན་ཞུ་འབོད།

དེ་རིང་ཕྱི་ཟླ་༡༡ ཚེས་༥ཉིན་སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་བཅས་ནང་མི་གསུམ་གྱིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༥པར་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སྤེལ་འདུག་ཅིང་། ད་ལོའི་སྤྱི་ཟླ་༩་བའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དངོས་སུ་བཅར་ཏེ་བོད་ནང་གི་གནས་སྟངས་ཞུ་འབོད་བྱེད་པའི་གོ་སྐབས་ཞིག་སྤྲོད་ཐབས་ལ་སྙན་ཞུ་ཕུལ་བ་ཞལ་བཞེས་གནང་པ་ལྟར། དེ་རིང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཨེ་ཤི་ཡ་སྡེ་ཚན་ལས་ཁང་ནང་ལས་འགུལ་བ་རྣམས་དངོས་སུ་སོང་སྟེ། སྡེ་མཚན་འགན་ལྕམ་Thanda ལགས་སུ་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་ཡུན་ལ་ལས་འགུལ་འདིའི་དགོས་འདུན་དོན་ཚན་དྲུག་གིས་གཙོས་བོད་དོན་ཞུ་འབོད་གནང་ཡོད་འདུག

ལས་འགུལ་བ་སྟག་ཚང་དཀོན་ཅོག་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན་ལྟར་ན། དེ་རིང་ལས་འགུལ་བ་ནང་མི་གསུམ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨེ་ཤི་ཡ་སྡེ་ཚན་ནང་དངོས་སུ་བཅར་ཐུབ་བྱུང་ལ། སྡེ་ཚན་འགན་འཛིན་ལྕམ་ཐན་རྡ་ལགས་ལ་གནས་ཚུལ་ཞུ་འབོད་ཞུ་ཐབས་ཡག་པོ་བྱུང་། ང་ཚོས་ཁོང་ལ་ད་ལྟའི་བར་ལས་འགུལ་སྤེལ་ཐེངས་རེ་རེའི་སྙན་ཞུའི་དགོས་འདུན་དོན་ཚན་དྲུག་དང་། གཞན་བོད་ཀྱི་གནད་དོན་ཁག་ཅིག་གི་ཐོག་འདི་ལྟར་ཞུས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་གསར་བས་ཉེ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་ཁོང་དངོས་སུ་བོད་ནང་ཕེབས་ཐབས་བྱས་ཏེ་བོད་ནང་རྟོག་ཞིབ་གནང་འདོད་ཡོད་ཚུལ་ཞིག་ཐོས་པས་དགའ་ཚོར་ཆེན་པོ་བྱུང་ལ། ང་ཚོའི་བོད་འདི་ཡང་འཛམ་གླིང་གི་ཆ་ཤས་ཤིག་ཡིན་པ་དང་། བོད་པ་རྣམས་ཀྱང་འཛམ་གླིང་མི་མང་གི་ཆ་ཤས་ཤིག་ཡིན་པའི་ངོས་ནས་རང་ཉིད་ལའང་བདག་པོ་རྒྱག་མཁན་ཞིག་འདུག་ཨང་སྙམ་པའི་ཚོར་བ་བྱུང་། སྐུ་ཉིད་བོད་ནང་དངོས་སུ་མགྱོགས་མྱུར་ངང་ཕེབས་ཏེ་བོད་ཀྱི་གནད་དོན་ལ་ཉམས་ཞིབ་གསལ་བོ་ཞིག་ཡོང་པའི་རེ་བ་ཡོད། ད་ལྟ་རྒྱ་ནག་གིས་ནམ་རྒྱུན་བཤད་བཞིན་པ་ལྟར་བོད་ནང་དེ་ལྟའི་བདེ་སྐྱིད་ཡོད་པ་ཡིན་ན་ད་ལྟ་བོད་ནང་དམག་མིས་ཁེངས་འདུག་དགོས་པའི་རྒྱུ་མཚན་དང་། སོ་ལྟ་བརྙན་ཆས་དེ་འདྲ་མང་པོ་འཛུགས་དགོས་དོན། དེ་བཞིན་ད་ལྟའི་བར་བོད་མི་༡༣༢་ལྷག་གིས་བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། ༧གོང་ས་མཆོག་བོད་ནང་ཕེབས་ཐབས། སྨྲ་བརྗོད་རང་དབང་སོགས་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་གང་ཡིན།  ད་ལྟ་བོད་ནི་འཛམ་གླིང་གི་བཙོན་ཁང་ཆེ་ཤོས་ཤིག་ཆགས་ཡོད་པ་དོན་དངོས་བདེན་འཚོལ།  སྤྱི་ལོ་༡༩༥༨ དང་༡༩༥༩། ༡༩༨༩། ༢༠༠༨ ལོ་སོགས་སྔ་ཕྱིར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་བོད་མིའི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་བའི་སྲིད་བྱུས་ལ་ཞི་རྒོལ་ཤུགས་ཆེན་དགོས་པའི་རྒྱུ་མཚན། ད་ལྟའང་བོད་ནང་འབྲོག་པ་གནས་སྤོ་དང་། ཞིང་བཀག་ནགས་འཛུགས་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་འབྲོག་པ་དང་ཞིང་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་རྒྱབ་བརྟེན་མེད་པ་བཟོས་ཞིང་མཐར་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་འཚོ་གནས་མེད་པར་བཟོས་ཏེ་བོད་ཀྱི་མི་རིགས་རྩ་མེད་གཏོང་ཐབས་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ།  ཨེ་ཤ་ཡའི་ཆུ་བོ་རྣམས་ཀྱི་འབྱུང་ཁུངས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་བཟོ་བཞིན་པ་སོགས་ལ་མགྱོགས་མྱུར་ངང་རྒྱུས་ལོན་གསལ་བོ་ཞིག་ཡོང་ཐབས་ཐད་རེ་སྐུལ་ཞུས་ཡོད། ཅེས་གསུངས་བྱུང་།

མཐར་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་ལྕམ་ཐན་རྡ་Thanda ལགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་བདེན་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐད་གར་ནུས་པ་འདོན་ཐུབ་ཀྱིན་མེད་པའི་རྒྱུ་མཚན་གང་ཡིན་སོགས་ལ་སྐད་ཆ་དྲིས་སྐབས། སྡེ་ཚན་འགན་འཛིན་ལགས་ཀྱིས་འགྲེལ་བརྗོད་བྱས་དོན། ད་ལྟའི་བར་བོད་ཀྱི་གནད་དོན་ཐོག་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གིས་ཕན་ནུས་ལྡན་པའི་ནུས་འདོན་ཐུབ་ཀྱིན་མེད་ནི་རྒྱལ་ཁབ་སོ་སོའི་ཚོང་ལས་དང་སྒེར་གྱི་ཁེ་ཕན་ཆེད་དུ་དེ་ལྟར་གནང་ཐུབ་ཀྱིན་ཡོད་པ་མ་རེད། རྒྱ་ནག་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཡན་ལག་ལས་ཁང་འཛུགས་ཐུབ་ཀྱིན་མེད་སྟབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སོགས་ཀྱིས་ཐད་གར་ནུས་པ་འདོན་ཐུབ་ཀྱིན་མེད་པ་རེད། སྤྱིར་བོད་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འཚེ་བ་མེད་པའི་ལས་འགུལ་སྤེལ་གྱིན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་མང་པོ་ཡོང་གིན་འདུག ཅེས་སོགས་སོགས་གསུངས་ཡོད་འདུག  ཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་༡༠ ནས་དབུ་འཛུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་འབོད་ཀྱིན་པར་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་ཐོག་ནང་མི་གསུམ་ཆགས་ཡོད་འདུག་ཅིང་། ནང་མི་གསུམ་གྱི་ལས་འགུལ་འདི་ཉིད་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཡུ་རོབ་སྤྱི་ཟུར་སྐུ་ངོ་ཚེ་རྡོར་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ། སྟག་ཚང་ཆོས་སྒྲོན། མཛོ་གཡག་ཚང་ཡེ་ཤེས་ལེགས་ལྡན། ཀརྨ་གུ་རུ་དྲག་པོ། གཞན་ཕྱི་རྒྱལ་མི་རིགས་ཡིན་པ་མ་བུ་གཉིས་དང་ཁྱོན་བསྡོམས་མི་༡༡ ལྷག་མཉམ་ཞུགས་གནང་ཡོད་འདུག་ཅིང་། བོད་གནས་འགྲེལ་བརྗོད་ཡིག་ཆ་གྲངས་༥༠༠་ལྷག་འགྲེམ་སྤེལ་གནང་ཐུབ་ཡོད་འདུགགཞན་ལས་འགུལ་བས་གསལ་བསྒྲགས་ཞུ་བཞིན་པ་ཞིག་ལ། འཆར་ལོ་༢༠༡༥ ལོའི་ཟླ་༡་ཚེས་༡༤ ཉིན་སླར་ཡང་མི་ཚང་བཞི་ཡིས་རྒྱལ་ཚོགས་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྒོ་ནས་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་འཆར་འདུག་ཅིང་། དོ་སྣང་ཡོད་རིགས་རྣམས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཀྱང་ཞུ་བཞིན་ཡོད་འདུགའབྲེལ་གཏུག་ཞུ་ཡུལ།


ཁ་པར། 0041764774162 སྟག་ཚང་དཀོན་ཅོག

ཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་།

ཁ་པར། 076 620 10 51 བཀྲ་བསྟན་ཚང་པ་སངས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སམས་རགས།