རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་ལགས་དང་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧  ཉིན་ལྷ་སའི་ཇོ་ཁང་གི་མདུན་ཐང་དུ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ། ཀན་ལྷོ་ཁུལ་བསང་ཆུ་རྫོང་། འབོ་ར་སྐྱ་དེའུ་ཁོག་རུ་ཁག་གི་ཁོངས་སུ་གཏོགས་པའི་ཕ་བན་དེ་མཁར་དང་། མ་སྒྲོལ་དཀར་སྐྱིད་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆུང་བ་རྡོ་རྗེ་ཚེ་བརྟན་ལགས་རང་ལོ་ ༡༩ ཡིན་པ་ཁོང་དང་། ཁོང་གི་གྲོགས་པོ་ཨ་མདོ་རྔ་པ་ནས་ཡིན་པ་དར་རྒྱས་ལགས་རང་ལོ་ ༢༥ ཅན་གཉིས་ཀྱིས། ཇོ་ཁང་གཡོན་ངོས་ཀྱི་སྟག་གཤམ་མགྲོན་ཁང་ནས་ཁང་མིག་གཅིག་བླངས་ཏེ། དེར་རང་ལུས་མེར་སྲེག་གི་གྲ་སྒྲིག་བྱས་པ་དང་། ལྷ་སའི་ཆུ་ཚོད་ ༢ པ་ཙམ་ལ་མི་ཚོགས་ཤིན་ཏུ་ཆེ་བའི་ཇོ་ཁང་གི་མདུན་ཐང་དུ་ཀི་རིང་གསུམ་བཏབ་སྟེ་སྐུ་ལུས་ལ་མེ་སྒྲོན་ཡོད་འདུག སྐབས་དེར་མི་ཚོགས་ཆེ་བ་དང་མེ་འབར་ཤུགས་ཆེ་བའི་རྐྱེན་གྱིས་འབོད་ཚིག་གསལ་པོ་དེ་ཙམ་གཡས་གཡོན་གྱི་མི་ཚོས་གོ་ཐོས་ཐུབ་མི་འདུག དེ་ནས་གཅིག་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་འབར་བཞིན་པའི་ཁྲོད་སྐད་འབོད་དང་བཅས་རྒྱུགས་ཡོད་འདུག་པ་དང་། གཅིག་གོམ་པ་བཅུ་ལྷག་ཙམ་ལ་རྒྱུགས་ནས་ས་ལ་འགྱེལ་མ་ཐག དེར་རྒྱུན་ལྡན་ནས་ཡོད་བསྡད་པའི་དམར་དམག་གིས་འཁྱེར་ཡོད་འདུག དངོས་སུ་མཐོང་མཁན་ཚོས་ཇོ་ཁང་གི་མདུན་དུ་རྒྱུགས་ཡོང་མཁན་དེ་གྲོངས་ཡོད་ཚོད་འདུག་ཅེས་བརྗོད་པ་ལྟར། ཟླ་འདིའི་ཚེས་ ༢༨ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་རྡོ་རྗེ་ཚེ་བརྟན་ལགས་གྲོངས་ཟིན་པ་དང། དར་རྒྱས་ལགས་ད་དུང་གྲོངས་མེད་ཅེས་ངོས་ལེན་གྱི་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན་བྷི་བྷི་སིའི་བརྒྱུད་ལམ་ཁག་ཏུའང་དེ་བཞིན་ཁྱབ་བསྒྲགས་བྱས་སོང་བས།   གང་ལྟར་འབོ་ར་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་ཡོད་འདུག རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་ལགས་ནི།  ས་གནས་འབོ་ར་སློབ་ཆུང་འགྲིམས་མྱོང་བ་དང་། དེ་རྗེས་ལྷ་སར་སོང་ནས་ཁྲོམ་གཟིགས་སྒང་གི་ཉི་མ་གླིང་ཟེར་བའི་བོད་པའི་ཟ་ཁང་ཞིག་ཏུ་མ་བྱན་གྱི་ལས་ཀ་བྱས་པ་དང་། སྔ་ལོར་ཕ་ཡུལ་དུ་སོང་སྟེ་ལོ་འདིའི་ལོ་མགོར་ཕྱིར་ལྷ་སར་ཡོང་ནས་ལས་ཀ་རང་འཇགས་གཉེར་ཡོད་པ་དང་། ཁོང་ནི་ནམ་རྒྱུན་མི་གཤིས་ཀ་འཇམ་པོ་དང་ཉམ་ཆུང་ཞིག་རེད་ཅེས་འབྲེལ་ཡོད་ཚོས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། ཁོང་གི་ལས་འགུལ་སྤེལ་རོགས་དར་རྒྱས་ལགས། ཟ་ཁང་དེའི་ནང་གི་དངུལ་ལེན་མཁན་ཡིན་པ་དང་། ད་ལྟའི་སྐབས་ཟ་ཁང་དེའི་སྦྱིན་བདག་དང་འབྲེལ་ཡོད་ཚོ་རྒྱ་གཞུང་གིས་བཙན་འཁྲིད་དང་བཀག་ཉར་བྱས་ཡོད་པས། རྔ་བ་ནས་ཡིན་པ་དར་རྒྱས་ལགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བས། རིམ་གྱིས་གནས་ཚུལ་གསལ་པོ་ཆགས་རིམ་བཞིན་འགོད་རྒྱུ་ཡིན། ཕྱི་ལོ་ ༢༠༠༩ ནས་འགོ་འཛུགས་ཀྱིས་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༣༧ བྱུང་ཡོད་པ་དང་དེའི་ནང་ནས་ ༢༨ འདས་གྲོངས་སུ་གྱུར་ཡོད། མདོ་སྟོད་སྨད་གཉིས་ནང་རང་ལུས་མེར་སྲེག་གི་ལས་འགུལ་རིམ་སྤེལ་བྱུང་བ་དང་། ད་ལྟའི་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་ཁྱབ་བཞིན་ཡོད། བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་སྲེག་ཡོང་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་ཅིང་། ཇི་སྲིད་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་སྣ་ཚོགས་སྤེལ་སྲིད་པས། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡོད་པའི་དཔོན་རིགས་ཚོས། ད་ལྟ་ས་ག་ཟླ་བར་འཁེལ་གྱི་ཡོད་པས་བོད་རིགས་ལས་བྱེད་པ་དང་། སློབ་ཕྲུག་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་འཛུལ་ཞུགས་མི་ཆོག་པ་དང་། གལ་ཏེ་འཛུལ་ཞུགས་བྱས་ན་ཉེས་ཆད་འགེལ་རྒྱུ་ཡིན་སྐོར་སོགས་ཚགས་པར་ཁག་ནང་ཁྱབ་བསྒྲགས་བྱས་ཏེ།  བོད་ནང་གི་བོད་མི་ཚོའི་དད་སེམས་ལ་རྨ་ཁ་ཇི་ཙམ་བཟོས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་། བོད་ལ་ཆོས་ལུགས་དད་མོས་རང་དབང་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་དེའང།  སྐྱག་རྫུན་དང་གཞི་མེད་ཀྱི་འགྲེལ་བརྗོད་ཡིན་པ་ས་ག་ཟླ་བའི་ཚེས་ ༦ གི་དོན་རྐྱེན་དེས་ར་སྤྲོད་གསལ་པོ་བྱས་ཡོད། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་། བོད་མི་འདས་གསོན་གཉིས་ཀྱི་ཚེ་འདི་ཕྱི་གཉིས་ཀའི་སྐྱབས་གནས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམའ་འབེབས་སྒྲོ་སྐུར་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་དམར་གཞུང་གིས་བོད་ལ་རང་དབང་ཡོད་ཚུལ་སོགས་ཀྱི་འཁྱོག་བཤད་དང་རྫུན་གཏམ་སྣ་ཚོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། རྒྱལ་ཁབ་ཁག གསར་འགོད་པ། རྩོམ་པ་པོ་སོགས་ཀྱིས་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་ངོ་མ་མཐོང་ཆེད་བོད་ནང་བསྐྱོད་དགོས་པ་དང་། འཛམ་གླིང་ལ་བོད་ཀྱི་དཀའ་ངལ་དང་དངོས་ཡོད་གནས་སྟངས་གང་ཡིན་ཁྱབ་བསྒྲགས་བྱས་ཏེ། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེལ་བའི་ཐབས་ལམ་དང་། བོད་མི་ཚོའི་གཅེས་སྲོག་ལའང་འགྲོ་བ་མི་གཅིག་མཚུངས་ཀྱི་རིན་ཐང་དུ་བརྩིས་ཏེ་སྐྱོབས་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༨ ཉིན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།