རྒྱལ་གཅེས་དཔའ་བོ་དམ་པ་སྟག་སྣ་འཇིག་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་་དང་མྱ་ངན་གུས་འདུད་ཞུས།
དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཡོ་རོབ་སྐུ་ངོ་སྤྱི་འཐུས་རྣམས་པ་གཉིས། སྐུ་ངོ་དོན་བཅོད་མཆོག་དང་དོན་ཁང་གི་ལས་བྱེད་སྤྱི་ཟུར་རྣམ་པ་དང་ ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དེ་བཞིན་བོད་རིགས་མི་མང་གི་ས་འཐུས་ཀྱིས་གཙོས་བོད་རིགས་སྤུན་ཟླ་ ༡༠༠ ཡས་མས་ཕེབས་ཐོག་ཝིན་ཀྲར་ཐུར་༼Winterthur༽ ས་གནས་ཀྱི་དུར་ཁྲོད་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒྱལ་གཅེས་དཔའ་བོ་དམ་པ་སྟག་སྣ་འཇིག་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་་དང་མྱ་ངན་གུས་འདུད་ཞུས་སོང། དེ་བཞིན་ཁོང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པའི་ཧ་ཅང་ཡིད་སྐྱོ་བའི་ལས་རིམ་ནང་ རི་ཀོན་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་རྣམ་པས་བསྔོ་སྨོན་ཞལ་འདོན་དང་ དམ་པ་ཁོང་དང་ལྷན་དུ་ Drapchi གྲབ་ཆི་བཙོན་ཁང་དུ་ཚུད་མྱོང་མཁན་ཆབ་སྲིད་བཙོན་ཟུར་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་ཀྱིས་དམ་པ་ཁོང་གི་སྐོར་དང་བརྩོན་ཁང་གི་གནས་སྟངས་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་། དེ་བཞིན་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་སྐུ་ཕུང་ལ་མཇལ་དར་ཕུལ་་རྗེས་སྐུ་ཕུང་ཞུགས་འབུལ་གནང་སོང།།
གསར་འགོད་པ་ཝང་དཀར་ཚེ་རིང།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།