རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་འགོ་འཛུགས།

རྒྱ་ནག་གི་སྐབས་འདིའི་མི་མང་འཐུས་མི་ཚོགས་ཆེན་མཐའ་མ་དེ་པེ་ཅིང་མི་མང་ཚོགས་ཁང་ཆེན་མོར་ཟླ་འདིའི་ཚེས་༥ ཉིན་འགོ་འཛུགས་བྱས་པ་དང། རྒྱ་ནག་གི་བདེ་སྲུང་འགྲོ་གྲོན་ད་ལྟ་ཨ་སྒོར་ཐེར་འབུམ་༡༠༠ ལྷག་ཡིན་པ་ཁྱབ་བསྒྲགས་བྱས་འདུག སྲིད་བློན་ཝུན་ཅཱ་པའོ་ཡིས་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་སུ་དཔལ་འབྱོར་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ཐད་འགྱུར་བཅོས་ཁག་ཅིག་གཏོང་དགོས་ཚུལ་དང། མ་ཟད་གྲོང་ཁྱེར་དང་གྲོང་བརྡལ་ཁག་གི་ནང་ལས་ཀ་གསར་པ་ས་ཡ་དགུ་ཙམ་འཛུགས་སྐྲུན་བྱེད་རྒྱུའི་ཁས་ལེན་དམ་བཅའ་ཡང་བྱས་འདུག གྲོས་ཚོགས་ཀྱི་ཉིན་གཅིག་སྔོན་རྒྱ་ནག་བདེ་སྲུང་གི་འགྲོ་གྲོན་དེ་སྔར་གྱི་འགྲོ་གྲོན་ལས་བརྒྱ་ཆ་༡༡་༢ མང་དུ་བཏང་ནས། ད་ལྟ་ཨ་སྒོར་ཐེར་འབུམ་༡༠༠ ལྷག་ཡིན་པ་ཁྱབ་བསྒྲགས་བྱས་པ་དང། དམག་གི་ལས་དོན་འདྲ་མིན་ཡོད་པ་རྣམས་བསྒྲུབ་ཐུབ་པའི་ཕྱིར་དམག་སྡེའི་སྤུས་ཚད་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་སྲིད་བློན་གྱིས་གྲོས་ཚོགས་སུ་གཏམ་བཤད་བྱས་ཡོད་པ་རེད།དེ་བཞིན་ལོ་གཅིག་གི་སྤྱི་ཚོགས་བདེ་འཇགས་ཀྱི་འགྲོ་གྲོན་དེའང་ཨ་སྒོར་ཐེར་འབུམ་༡༡༡ གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང། ཁྲིམས་ཐོག་ནས་སྤྲད་པའི་ཞིང་པའི་ས་ཞིང་བདག་དབང་གི་ཐོབ་ཐང་ལ་སུ་གཅིག་གིས་རྩིས་མེད་གཏོང་མི་ཆོག་ཅེས་བརྗོད་འདུག
གྲོས་ཚོགས་སུ་འཐུས་མི་༣༠༠༠ ཡས་མས་ཤིག་མི་མང་ཚོགས་ཁང་ཆེན་མོར་མཉམ་འཛོམས་བྱས་ཡོད་པ་དང། འདི་ལོའི་ཟླ་༨ ནས་རྒྱ་ནག་འགོ་ཁྲིད་འཕོ་འགྱུར་དང་དབང་ཆ་རྩིས་སྤྲོད་ཀྱི་ལས་རིམ་གཉིས་དངོས་སུ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད། ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིན་ཅིང་ཕེན་རྒྱ་ནག་གི་སྲིད་འཛིན་དུ་འཁོད་རྒྱུར་ཧ་ལམ་གཏན་འཁེལ་ཡིན་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སམས་རགས།