རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ལ་སླེབས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༦ཉིན། ཟླ་འདིའི་ཚེས་༡༥རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་གཙོས་པའི་རྒྱ་རིགས་ཚོང་ལས་མི་སྣ་ ༤༠༠ ཙམ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཡོད་འདུག རྒྱ་གར་དང་པ་ཀི་སི་ཐན་གྱི་སྲིད་བློན་གཉིས་ནས་གདན་འདྲེན་བྱས་པ་ལྟར། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་དང་རྒྱ་རིགས་ཚོང་ལས་མི་སྣ་གལ་ཆེན་༤༠༠ཙམ་རྒྱ་གར་གྱི་རྒྱལ་ས་ལལྡི་ལི་རུ་ཐོན་ནས་ཉིན་གྲངས་གསུམ་ཙམ་གྱི་རིང་ལ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་དང་མཉམ་ལས་རྒྱ་བསྐྱེད། ས་མཚམས་རྩོད་རྙོག་བཅས་ཀྱི་ཐད་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་མ་ཟད། དེའི་སྐོར་གྱི་གྲོས་ཆོད་ཁག་ཅིག་ཀྱང་འཇོག་རྩིས་ཡོད་འདུག དེ་མིན་རྒྱ་དཀར་ནག་བར་གྱི་ འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་བཞག་པའི་རྒྱ་གར་གྱི་མི་སྣ་དགུ་ལ་༼རྒྱ་དཀར་ནག་གི་མཛའ་བརྩེའི་བྱ་དགའ༽་ཞེས་པའི་དགའ་རྟགས་ཤིག་ཀྱང་བཏགས་ཡོད་ལ། སྲིད་བློན་ཝུན་ཅ་པའོ་ཡིས་མུ་མཐུད་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བ་ཟབ་ཏུ་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག
ཐེངས་འདིར་བུན་ཅ་པའོ་རྒྱ་གར་ནང་གཟིགས་སྐོར་དུ་འབྱོར་བ་དང་བསྟུན་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལིའི་སྲིད་འཛིན་ལས་ཁུངས་རཱ་ཤི་ཊི་རཱ་པ་ཊི་བྷ་མདུན་ཐང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གཙོས་པའི་བོད་མི་ཁག་ཅིག་གིས་ཝུན་ཅཱ་པའོ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་མ་ཟད། ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠དང་ཕྱེད་ཀ་མས་ཡས་སུ། བོད་མི་མང་པོ་ལྡི་ལིའི་ཇན་ཊར་མཱ་ཊར་ས་གནས་སུ་འདུ་འཛོམས་བྱས་སྟེ། ༼བོད་རྒྱ་ནག་གི་ཆ་ཤས་མིན། བོད་རང་བཙན་གཙང་མ་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་༽ཅེས་པའི་འབོད་ཚིག་བསྒྲགས་སྟེ་ཉིན་གྲངས་གསུམ་རིང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ལས་འགུལ་དེའི་མཇུག་སྡོམ་མཛད་སྒོའི་སྟེང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁིར་ཊི་ཨ་ཛུ་ལགས་དང༌། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཀྱང་ཆེད་ཕེབས་ཀྱིས་གཏམ་བཤད་སྤེལ་རྒྱུ་རེད།

དེ་བཞིན། སྲིད་བློན་ཝུན་ཅ་པའོ་རྒྱ་གར་དུ་འབྱོར་བའི་ཉིན་དང་པོར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་སྟེ། བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་ཁ་སུའུ་ར་ན་ཚོགས་ཁང་དུ་བགྲོ་གླེང་ཚོགས་འདུ་འཚོགས་ནས་བོད་དང་རྒྱ་དཀར་ནག་གསུམ་གྱི་འབྲེལ་བའི་སྐོར་བགྲོ་གླེང་བྱས་ཡོད་པ་དང། སྐབས་དེར་གསུང་བཤད་གནང་མཁན་གཙོ་བོ་གསུམ་ནི། རྒྱ་ནག་གི་ཆེད་མཁས་དང་ཆབ་སྲིད་བསྟི་གནས་ཁང་གི་མགོ་ཁྲིད་སྐུ་ཞབས་གྷའུ་རའུ་སུ་བ་མའི་དང༌། སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་ཇའི་ལིའི། ལྡི་ལི་རུ་ཡོད་པའི་སྐུ་ཚབ་བསྟན་པ་ཚེ་རིང་ལགས་བཅས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཧིན་དྷི་དུས་བབ་ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་གསུངས་དོན། དངོས་གནས་བཤད་ན། རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་མེད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཟེར་བ་དེ་བོད་དང་འབྲེལ་བ་དམ་པོ་ཡོད། རྩོད་རྙོག་འདི་སེལ་བར་ཕྱོགས་གཉིས་ཀར་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་དགོས།
ཇི་སྲིད་བོད་ཀྱི་གནད་དོན་བཏང་སྙོམས་སུ་བཞག་པ་དེ་སྲིད་དུ་འབྲེལ་ཡོད་ས་ཁུལ་དུ་དུས་ཡུན་རིང་པོར་ཞི་བདེ་ཡོང་བའི་རེ་བ་དེ་སྟོང་པ་རེད་ཅེས་གསུངས་འདུག
ལོ་འདིར་རྒྱ་གར་གྱི་སྲིད་འཛིན་པ་ཊེལ་ལ་མཆོག་དང་ཕྱི་སྲིད་བློན་ཆེན་ཁེར་ཤི་ན་གཉིས་སྔ་རྗེས་སུ་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་དཀར་ནག་གི་ས་མཚམས་གནད་དོན་སྐོར་གྲོས་མོལ་བྱས་ཡོད་ལ། དེ་བཞིན། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྲུའུ་ཡུན་ཁཱང་རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་བཅར་ཏེ་གྲོས་མོལ་བྱས་ཡོད། ཕྱི་ཚེས་ ༡༥ ཉིན་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་དུ་གཞུང་འབྲེལ་ལྟ་སྐོར་དུ་ཡོང་ནས་རྒྱ་དཀར་ནག་གི་འབྲེལ་བ་བཙུགས་ཏེ ལོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཞུགས་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༡༧ ཉིན་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་གར་ནང་གི་བྱ་བ་རྣམས་ཡོངས་སུ་འགྲུབ་སྟེ་པ་ཀི་སི་ཐན་དུ་འགྲོ་རྒྱུ་ཡིན་པ་དང༌། པ་ཀི་སི་ཐན་གྱི་མཐོ་རིོམ་མི་སྣར་ཐུག་འཕྲད་དང་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་མཉམ་ལས་ཀྱི་ཚོགས་འདུར་ཞུགས་རྒྱུ་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕྱོགས་བསྡུས་བྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སམས་རགས།