རྒྱ་གཞུང་གི་སྐྱག་རྫུན་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ ཉིན། རེས་གཟའ་པ་སངས་ཉིན། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཊོར་ཇོན་ལགས་ཀྱིས་རོལ་དབྱངས་ཀྱི་སྤྲོ་ཚོགས་ཤིག་བཀོད་སྒྲིག་བྱས་ཡོད་པ་དང། སྐབས་དེར་བཙན་བྱོལ་གཞུང་གི་ལངས་ཕྱོགས་འདྲ་མིན་ཅན་གྱི་ཆབ་སྲིད་པ་དང་ནོར་ཝེའི་ཡུལ་གྱི་མཁས་དབང་སོགས་ལྟད་མོ་བ་ ༡༠༠༠ ལྷག་འདུ་འཛོམས་བྱས་ཏེ་དགའ་སྤྲོའི་དཔལ་ལ་རོལ་ཡོད་འདུག སྐབས་དེར་ཁོང་གིས་སྤྲོ་ཚོགས་འདི་བརྒྱུད་ནས་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་དགོས་ངེས་ཤིག་དང་འོས་ཤིང་འཚམ་པའི་སྐྱེས་བུ་ཞིག་ལ་ཐོབ་པར། ང་ཚོས་སེམས་གཏིང་ནས་ཁོང་ལ་རྟེན་འབྲེལ་ཞུ་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་བརྗོད་ཡོད་འདུག
རང་ལོ་ ༥༤ ཡིན་པའི་མང་གཙོ་དོན་གཉེར་བ་ལོའུ་ཞའོ་པའོ་ནི་རྒྱ་ནག་གི་དར་ཆ་དམར་པོའི་འོག་ཏུ་དུས་ཡུན་རིང་པོར་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩོན་ལེན་བྱས་མཐར། མི་ལོ་ ༡༡ ་གི་ཁྲིམས་ཆད་བཏང་ཏེ་མུན་ནག་གི་འཇིག་རྟེན་ཞིག་ཏུ་སྡུག་བསྔལ་མྱོང་བཞིན་ཡོད་ལ། དེ་བཞིན་ནོ་བྷེལ་ཞི་བདེ་གཟེངས་རྟགས་སྐུ་ཞབས་ལོིའུ་ཞའོ་པའོ་ལགས་ལ་ཐོབ་པའི་ཡོངས་ཁྱབ་གསར་བསྒྲགས་སྤེལ་བ་ནས་བཟུང་ཁོང་གི་སྐུ་ཟླ་ལོའུ་ཤ་ལགས་ཀྱང་བཀག་ཉར་བྱས་ཡོད་པ་མ་ཟད།
ནོ་བྷེལ་ཞི་བདེ་གཟེངས་རྟགས་ལོའུ་ཞའོ་པའོ་ལ་སྤྲད་པ་དེས་མི་ལོ་ ༡༠༩ ལྷག་གི་ལོ་རྒྱུས་ལྡན་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ལ་དམའ་འབེབས་དང། ཨོ་སུ་ལོ་རུ་ཡོད་པའི་རྒྱལ་ཁབ་ཁག་ ༦༥ ཙམ་གྱི་དོན་གཅོད་ཁང་གི་འཐུས་མི་ ༥༠ ལྷག་ཁོང་ཁྲོ་བསླངས་ཡོད་ཡོད་ལ། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་བཅངས་བའི་ཡིད་ཆས་སོགས་ལ་འགྱུར་བ་ཐེབས་ཡོད་ཅེས་རྒྱ་ནག་གིས་བསྒྲགས་གཏམ་སྣ་ཚོགས་སྤེལ་ཀྱི་ཡོད།
ཊོར་ཇོན་ཇའི་ལན་ཌི་ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༥ དང་ ༤༡ ནང་དུ། མི་མང་གི་ངོས་ནས་གནད་དོན་ཅི་རིགས་ལ་སྐྱོན་བརྗོད་དང་རང་གི་བསམ་ཚུལ་འདོན་ཆོག་པའི་རྩ་ཁྲིམས་གཏན་འབེབས་བྱས་ཡོད་པ་ལྟར། སྐུ་ཞབས་ལོའུ་ཞའོ་པའོ་ལགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ཐོག་ནས་རང་དབང་ལོངས་སུ་སྤྱད་ཡོད་པ་ལས་ཁོང་ལ་ནོར་འཁྲུལ་གང་ཡང་མེད་པའི་རྐྱེན་གྱིས་འཛམ་གླིང་གི་མི་མང་ཁྲི་སྟོང་མང་པོས་ཁོང་མྱུར་ཏུ་ཀློད་བཀྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་ནག་གི་དཔལ་འབྱོར་ཡོང་འབབ་སོགས་མི་མང་ལ་བརྟེན་ཡོད་པས་གཞུང་ངོས་ནས་མི་མང་གི་བདེ་སྡུག་དང་རེ་འདོད་ལ་སེམས་ཁུར་བྱེད་དགོས་པའི་སྐོར་སོགས་བརྗོད་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སམས་རགས།