རོལ་དབྱངས་སྤྲོ་སྟོན་ལྷན་འཛོམས་ཐེངས་དང་པོ།

དེ་ཡང་གོང་ཚེས་ཉིན་ཕྱེད་ཡོལ་ཕྱག་ཚོད་  ༢།༠༠  ཐོག་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ལྟར་མི་མང་གི་དཔལ་འབྱོར་འདུ་འགོད་ཆེད་དམིགས་པ་ཞིག་ཡིན་པའི་རོལ་དབྱངས་སྤྲོ་སྟོན་དེར་ཆེད་དུ་མགྲོན་འབོད་ཞུས་པའི་བལ་ཡུལ་དུ་གནས་བཞུགས་ཕྱི་ལོ་  ༡༩༩༣  ནས་  ༡༩༩༥  བར་བོད་གཞུང་ཟློས་གར་ཟུར་པ་གཞས་པ་ཚེ་རིང་འགྱུར་མེད་ལགས།  

ཨ་རིར་ནིའུ་ཡོག་གནས་བཞུགས་གཞས་མ་བསྟན་འཛིན་སྒྲོལ་མ་ལགས།   ཁེ་ཎ་ཌར་ཀྲོ་རོན་ཀྲོར་གནས་བཞུགས་ཕྱི་ལོ་  ༡༩༩༢ ནས་  ༢༠༡༣  བར་བོད་གཞུང་ཟློས་གར་གཞས་མ་པ་སངས་ལྷ་མོ་ལགས།  ཨ་རིར་གནས་བཞུགས་གཞས་པ་ཕུར་བུ་ཚེ་རིང་རྣམ་རྒྱལ་ལགས་བཅས་རེད་འདུག  དེ་བཞིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཟློས་གར་ཡང་མཉམ་བཞུགས་ཀྱིས་ཐོག་མར་བཀྲ་ཤིས་ཞོལ་པ་སོགས་ལེའུ་  ༥  ཙམ་འཁྲབ་སྟོན་གནང་སོང།   དེ་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་སྐྱབས་གནས་དགེ་འདུན་རྣམ་པ་དང།  ས་གནས་བོད་རིགས་མི་མང་བགྲེས་གཞོན་བར་གསུམ་མི་གྲངས་   ༡༠༠༠  བརྒལ་བ་གཟིགས་མོར་ཕེབས་འཛོམས་བྱུང་འདུག    སྐབས་  ༡༣  པའི་འཐུས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་རྐང་རང་སྐལ་བཟང་རྣམ་རྒྱལ་ལགས་དང།    སྐབས་  ༡༦  པའི་འཐུས་ཚོགས་ཀྱི་འཇར་མན་དྲུང་ཡིག་འགར་གནས་བདེ་སྐྱིད་ལགས་གཉིས་ནས་བོད་འཇར་གཉིས་ཐོགནས་མཛད་རིམ་སྙན་སྒྲོན་གནང།

ཐོག་མར་མི་མང་ཟློས་གར་ནས་དབུ་འཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པར་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ངག་བཅད་མྱ་ངན་སྐར་མ་གཅིག་རིང་གནང།
དེ་རྗེས་མི་མང་ཚོགས་གཙོ་སྙིང་པོ་བསྟན་འཛིན་མཆོག་ནས་དུས་སྟོན་དབུ་འབྱེད་ཀྱི་གསུངས་བཤད་གནང་དོན་ལ།   དེང་སྐབས་ས་གནས་མི་མང་ནས་ལོ་རེ་བཞིན་ལས་འགུལ་མང་དུ་འགྲོ་བཞིན་ཡོད་སྟབས་དེ་དང་བསྟུན་འགྲོ་གྲོན་ཡང་ཆེ་རུ་འགྲོ་ཡི་ཡོད།  མི་མང་ལ་ལོ་རེར་དཔལ་འབྱོར་ཡོང་ཁུངས་ནི་གཞུང་འབྲེལ་དུས་ཆེན་ཁག་གསུམ་ནས་ཁེ་འབབ་ཇི་ཡོད་མ་གཏོགས་དེ་མིན་གང་ཡང་མེད།  དེར་བརྟེན་ད་རེ་སྐབས་  ༡༦  པའི་ས་གནས་འཐུས་ཚོགས་ནས་དཔལ་འབྱོར་འདུ་འགོད་ཆེད་དུ་རོལ་དབྱངས་སྤྲོ་སྟོན་གྱི་ལས་རིམ་འདི་སྤེལ་བ་ཡིན།   མགྲོན་འབོད་ཞུས་པ་བཞིན་བོད་རིགས་གཞས་པ་གཞས་མ་རྣམ་པ་བཞི་འདིར་ཕེབས་ཐུབ་པ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་དགའ་འཚོར་ཆེན་པོ་བྱུང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   དེ་བཞིན་ས་གནས་མི་མང་ཟློས་གར་སྒྲིག་འཛུགས་ཀྱང་མཉམ་ཞུགས་ཐུབ་པ་ལའང་བསྔགས་བརྗོད་ཞུ་རྒྱུ་དང་གཞན་ཡང་མི་མང་མང་པོ་ཞེ་དྲག་གཟིགས་མོར་ཕེབས་འཛོམས་འདུག་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།   ད་རེ་ལས་འགུལ་འདི་ལ་དམིགས་བསལ་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཞུས་ཡོད་པ་རྐང་འགན་འཁུར་གནང་མཁན་ཝེ་དན་སེ་ཝིལ་ས་འཐུས་ཤོག་སྐལ་བཟང་འཕྲིན་ལགས།   རུ་ཏི་ས་འཐུས་ངོར་ཁང་གསར་བཀྲ་ཤིས་ལགས།   ཕོལ་ཁེཊ་སེ་ཝིལ་ས་འཐུས་འགར་གནས་བདེ་སྐྱིད་ལགས།  འཛུ་རིག་ས་འཐུས་ཀླུ་རྒྱལ་དོན་གྲུབ་ལགས་བཅས་རྣམ་པ་བཞིས་སྐུ་ལས་མང་པོ་སྐྱོན་པ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།

དེ་རྗེས་རོལ་དབྱངས་འཁྲབ་སྟོན་གྱི་མཛད་རིམ་དངོས་གཞི་དབུ་འཛུགས་ཀྱིས་ལེའུ་ཁག་བཞི་ལ་དུས་ཡུན་ཆ་བགོས་གནང་ནས་བོད་གཞས་གཙོས་པའི་དབྱིན་ཇི་དང།   འབྲུག་པའི་གཞས།  རྒྱ་གར་གཞས།   བལ་པོའི་གཞས་བཅས་གཅིག་མཇུག་གཉིས་མཐུད་འཁྲབ་སྟོན་གནང།   ས་གནས་མི་མང་ཟློས་གར་འཁྲབ་སྟོན་པ་རྣམས་ལ་ཚོགས་གཙོ་བགྲེས་པོས་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང།

ཕྱག་ཚོད་  ༦།༠༠  པར་གསོལ་ཚིགས་བར་སེང་དང་།  དགོང་དྲོའི་ཕྱག་ཚོད་  ༩།༥༠  ལ་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་མཆོག་ནས་ཆེད་དུ་མགྲོན་འབོད་ཞུས་པའི་གཞས་པ་གཞས་མ་རྣམ་པ་བཞི་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཚོགས་གཙོ་བགྲེས་པོས་ཁོང་རྣམ་པ་བཞི་ལ་སྟོང་མིན་ཕྱག་རྟགས་རེ་དང་མཇལ་དར་བཅས་ཕུལ།
གསར་འགོད་པ།    བསམ་པ་དོན་གྲུབ།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སམས་རགས།