རེབ་གོང་ནས་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༤༠ ཡས་མས་ཙམ་ལ། བསོད་ནམས་དར་རྒྱས་ལགས་ཀྱིས་རྨ་ལྷོ་རང་སྐྱོང་ཁུལ་གྱི་རེབ་གོང་རོང་པོ་རྒྱལ་ཐང་ཞེས་པའི་ས་གནས་སུ་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། འདས་གྲོངས་སུ་སོང་འདུགནོར་གླིང་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་གིས་རེབ་གོང་རོང་པོ་རྒྱལ་ཐང་ཞེས་པ་ནས་རོང་པོ་དགོན་ཆེན་ཕྱོགས་སུ་འགྲོ་ལམ་འཁེལ་ཡུལ་གངས་རིའི་མགྲོན་ཁང་དང་། ཐོན་མིའི་རིག་གནས་དཔེ་ཁང་གི་ཉེ་འགྲམ་ལམ་གཞུང་ནས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།ཁོང་ནི་ནམ་རྒྱུན་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་ཆེ་ཞིང་། ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤོད་མཁན་ཞིག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཚང་མ་འགྲིག་འགྲོ་གི་རེད་ཅེས་ཤུགས་ཆེར་གླེང་མཁན་ཞིག་ཡིན་འདུག ད་དུང་སྡེ་བ་ཕན་ཚུན་བར་གྱི་ནང་འཁྲུག་རིགས་ལ་ནམ་ཡང་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་དང་། ད་ནངས་ཞོགས་པར། མེར་བསྲེགས་ལས་འགུལ་མ་སྤེལ་སྔོན་དེར། དགོན་པའི་འདབས་འབྲེལ་ན་ཡོད་པའི་ཤ་བྲང་སྡེ་བའི་མགྲོན་ཁང་ཞིག་ཡོད་པ་དེ་ནང་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་གི་མདུན་དུ་མཆོད་པ་ཕུལ་ཞིང་། རང་ལུས་གཙང་མ་ཞིག་བཀྲུས་པའི་རྗེས་ཙམ་ལ་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་བར་ཕྱིན་འདུག་ཅེས་འབྲེལ་ཡོད་ཅིག་ནས་འགྲེལ་བརྗོད་བྱེད་ཀྱི་འདུགབསོད་ནམས་དར་རྒྱས་(བསོད་ལོ།)ནི་རེབ་གོང་རྫོང་གཉན་ཐོག་ཤང། ཤ་བྲང་སྡེ་པའི་བོན་རྒྱ་ཚོ་བ་ནས་ཡིན་པ་དང་། རང་ལོ་ ༤༤ ཙམ་ཡིན་འདུག ཕ་མིང་ལ་ཤ་མོ(ཚེ་འདས)། མ་མིང་ལ་ལྕགས་མོ་རྒྱལ་(ལོ་ན་༧༨)ཟེར་གྱི་ཡོད་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་སྒྲོལ་དཀར་སྐྱིད་དང་། བུ་གཉིས་དང་བུ་མོ་གཅིག་ཡོད་འདུགམེར་བསྲེགས་གནས་སྟངས་སྐོར་དངོས་སུ་མཐོང་མཁན་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།”ཞེས་སྐད་འབོད་བྱས་ཡོད་འདུག་པ་དང་། ལམ་འགྲོ་བ་དག་གིས་མེ་གསོད་པ་སོགས་ཀྱིས་ཐབས་ཤེས་བྱས་འདུག་ནའང་། མེ་ཤུགས་ཆེ་ཞིང་ལྷག་པར་གྲོད་ཁོག་འབར་འཐོར་གྱི་སྒྲ་ཤུགས་ཆེ་བ་ཞིག་དང་བཅས་དེ་ག་རང་དུ་འདས་གྲོངས་སོང་འདུག་ལ། གཟུགས་པོའི་སྟེང་སྲིང་བལ་དཀྲིས་པའི་སྟེང་ལྕགས་སྐུད་གཟེ་མ་ར་མགོ་ཅན་དཀྲིས་ནས་འཕྲལ་དུ་བཀྲོལ་མི་ཐུབ་པ་བྱས་ཡོད་འདུག་སྟབས། ལྕགས་སྐུད་ཀྱི་གསེང་ན་རྒྱུ་མ་ཕྱིར་དོན་ཡོད་འདུག་པ་དེ་གར་ཡོད་པའི་མང་ཚོགས་ཀྱིས་དངོས་སུ་མཐོང་འདུག དེ་མུར་ཡར་མར་འགྲུལ་བསྐྱོད་བོད་རིགས་མང་ཚོགས་ཀྱིས་མ་ཎི་དབྱངས་སྒྲོག་དང་ངུ་འབོད་ཀྱི་ཀློང་ནས་ཁོང་གི་སྐུ་ཕུང་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་འཁྱེར་འདུག་ལ། སྒྲོལ་མ་ཐང་ཆེན་དུ་འབྱོར་སྐབས་རོང་པོ་དགོན་ཆེན་གྱི་གྲྭ་པ་རྣམས་དང་དམངས་ཚོགས་གང་འཚམ་ཡང་སླེབས་ཏེ། སྨོན་ལམ་འདོན་པ་སོགས་བྱས་འདུག་ཅིང་། དེ་མཚམས་ཤིག་ལ་ཕྱོགས་ཡར་མར་ནས་ཀྱང་གནས་ཚུལ་དེ་ཐོས་པས་རྐྱེན་བྱས་ཏེ། སྟོད་སྨད་གང་ས་ནས་མི་ཚོགས་མང་པོ་དགོན་པའི་ཕྱོགས་སུ་ཆས་ཡོང་འདུག་པར། ཐོག་མའི་ཆར་དམག་མི་དང་ཉེན་རྟོག་པ་ཚོས་ལམ་འགག་དག་ནས་བཀག་འགོག་བྱས་འདུག་ཀྱང་། མི་ཚོགས་ཇེ་ཆེར་སོང་རིམ་བཞིན་དམག་མི་རྣམས་ཕྱིར་འཐེན་ལྟ་བུས། དེ་ཙམ་གྱི་དམ་བསྒྲགས་ཤུགས་ཆེ་བྱུང་མེད་འདུག སྒྲོལ་མ་ཐང་ཆེན་དུ་འཛོམས་ནས་སྨོན་ལམ་གསུང་འདོན་སྐབས་དམག་མི་རླངས་འཁོར་ཁ་ཤས་སླེབས་ཡོད་འདུག་པར། མང་ཚོགས་ཀྱི་ནང་ནས་རིགས་གཅིག་གིས་དམག་མིའི་ཕྱོགས་སུ་ངོ་རྒོལ་རྣམ་འགྱུར་ཤུགས་ཆེ་བསྟན་སྟབས། དེ་མཚམས་དམག་མི་རྣམས་ཕྱིར་འཐེན་བྱས་ཡོད་འདུགསྒྲོལ་མ་ཐང་ཆེན་ནས་སྨོན་ལམ་གསུང་གྲུབ་མཚམས་དགེ་འདུན་པ་དང་མང་ཚོགས་ཀྱིས་དགོན་པའི་རྒྱབ་རིའི་ངོས་ཀྱི་གདོང་རྒྱ་ཀླད་དམ་གདོང་རྒྱ་ལ་ཁ་ཟེར་ས་དེར་འཁྱེར་ཡོད་ཅིང་། གདུང་རྒྱ་ཀླད་ཟེར་ས་དེ་ནི་དགེ་འདུན་པ་འདས་གྲོངས་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡིན་ནའང་། དེ་རིང་མི་སྐྱ་ཞིག་གི་ཕུང་པོ་དེར་བསྐྱེལ་བ་ནི་མི་སྐྱ་ཞིག་གི་སྐུ་ཕུང་གནས་འདིར་བསྐྱེལ་བ་ཐོག་མ་ལྟ་བུ་ཡིན་འདུག་པ་དང་། དེ་རིང་གདུང་སེམས་མཉམ་བསྐྱེད་དང་། ཕུང་པོ་སྦྱིན་སྲེག་བྱེད་སར་འཛོམས་པའི་མང་ཚོགས་འདི་འདྲ་ནི། ད་སྔ་ཕན་ལ་ཕལ་ཆེར་བྱུང་མྱོང་མེད་པའི་ཚོད་ཡིན་པར་ཤོད་ཀྱི་འདུག་ལ།    མི་མང་སྟོང་ཕྲག་ནདུན་བརྒྱད་ལྷག་ཅིག་འཛོམས་ཡོད་པའི་གནས་ཚུལ་འདུགད་ནངས་ཞོགས་པའི་ཆར་དམག་མི་དང་ཉེན་རྟོག་པས་དགོན་པའི་མཐའ་འཁོར་དག་ནས་དམ་བསྒྲགས་ཀྱི་རྣམ་འགྱུར་བསྟན་འདུག་ཀྱང་། རིམ་པས་མི་མང་ཕོན་ཆེ་འཛོམས་ནས་དམ་བསྒྲགས་བྱེད་སྟབས་མ་བདེ་བ་ལྟ་བུས་དམག་མི་དང་ཉེན་རྟོག་པའི་རུ་དཔུང་དང་། ཁོང་ཚོའི་རླངས་འཁོར་རིགས་བཅས་རོང་པོ་དགོན་ཆེན་གྱི་འགྲམ་དུ་ཡོད་པའི་དགེ་ཐོན་སློབ་གྲྭའི་(རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ)གཡས་གཡོན་དུ་དམག་མི་བསྡད་འདུག་པ་ལས། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཡས་མས་སུ་ནི་དམག་མི་དང་ཉེན་རྟོག་པ་མང་ཚོགས་ཀྱི་ཐག་ཉེར་ཡོང་ནས་དམ་བསྒྲགས་སོགས་ཀྱི་གནས་སྟངས་བྱུང་མེད་འདུགབོད་ནང་གི་ཆ་ཚོད་ ༡༢ དང་སྐར་མ་ ༥༥ སྟེང་དགེ་འདུན་པ་དང་མང་ཚོགས་ཀྱིས་མུ་མཐུད་དུར་ཁྲོད་རང་དུ་སྨོན་ལམ་གསུང་འདོན་དང་། ཕྱི་དྲོའི་ཆར་རོང་པོ་དགོན་ཆེན་གྱི་གྲྭ་མང་གིས་ཆོས་ལུགས་ཀྱི་ཆོ་ག་གཞིར་བཞག་སྦྱིན་སྲེག་གི་ངོ་བོ་ནས་འདས་པོ་ཁོང་གི་སྐུ་གདུང་སྦྱིན་སྲེག་གནང་ཡོད་འདུགདེང་སྐབས་ཀྱི་རེབ་གོང་གནས་སྟངས་ནི། ཉེ་བའི་ཟླ་བ་ཁ་ཤས་གོང་ནས་གྲོང་སྡེ་དང་དགོན་པ་ཁག་ནང་ལས་དོན་རུ་ཁག་ཟེར་བའི་ལས་བྱེད་པ་མངགས་ནས་དོན་རྐྱེན་རིགས་མི་འབྱུང་བའི་སྲུང་བྱ་ལྟ་བུ་བྱེད་བཞིན་ཡོད་པ་དང་། སྔ་ལོའི་ནང་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནས་བཟུང་། སྡེ་བ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན། དེར་སྟངས་འཛིན་བྱེད་པའི་ཞང་ཟེར་བའི་ལས་ཁུངས་ཀྱི་འགོ་གཙོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། སློབ་གྲྭ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན། སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ནི་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། སྔ་ལོའི་ནང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་ཐོག་ཏུ། སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་འདུག དེ་བཞིན་ཉེ་བའི་ཆར་ནས་ལས་ཁུངས་ཁག་གི་ལས་བྱེད་མང་ཆེ་བ་ཁྲོམ་ལམ་ཁག་ཏུ་བཏང་ནས། མང་ཚོགས་ཀྱི་འདུ་འཛོམས་དང་འགྲུལ་བཞུད་ལ་ལྟ་རྟོག་གིས། ངོ་རྒོལ་ལས་འགུལ་རིགས་མི་ཡོང་བའི་སྔོན་འགོག་དང་། ལས་འགུལ་བྱུང་བ་ཡིན་ན། འཕྲལ་དུ་བཀག་སྡོམ་ཀྱི་ལས་དོན་སྒྲུབ་པར་འགྲེམས་འཇོག་བྱས་ཡོད་འདུག་སྟབས། ད་ཆ་ལས་བྱེད་ཚོའི་ནང་དུའང་། འཚོ་བའི་གནས་སྟངས་ཀྱི་དབང་གིས་གཞུང་གི་ལས་ཁུངས་ཀྱི་ཕོགས་འབབ་ཙམ་ལ་བལྟས་བསྡད་ཡོད་པ་ལས། འདི་ལྟར་དུས་ཚོད་རིང་པོ་འཁྱོལ་ཐབས་མེད་པའི་གནས་སྟངས་འོག་ནས། ལས་བྱེད་པས་ལས་མཚམས་འཇོག་པའི་ཚད་དུ་མི་སླེབས་པའི་ངེས་པའང་མེད་པའི་གླེང་སློང་ཡོང་གི་ཡོད་འདུག་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།