རང་ལོ་བཅུ་དྲུག་ཟིན་པའི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

ཕྱི་ལོ། ༢༠༡༦ ཟླ། ༠༣ ཚེས། ༠༡ ཉིན་སྤེལ།

ཁ་སང་སྔ་འདྲོ་ཆུ་ཚོད་༨།༣༠ཐོག རང་ལོ་༡༦ཡིན་པའི་བོད་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱ་གར་བྱང་ ཕྱོགས་རྡེ་ར་ལྡུན་མངའ་ཁུལ་བོད་མིའི་གཞིས་སྒར། འདོད་རྒུ་གཡུ་རྒྱལ་གླིང་གྱི་རྒན་གསོ་ཁང་དུ། རང་ལུས་མེར་བསྲེགས་གནང་འདུག


ཁོང་ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ Safdarjung སྨན་ཁང་དུ་ཛ་དྲག་གྱི་གནས་སྟངས་འོག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ནང་མིས་ཁོང་གི་སྐུ་གཟུགས་བརྒྱ་ཆ་ ༩༥ མེར་བསྲེགས་ཟིན་ཡོད་པ་བརྗོད་ཀྱི་འདུག


འདི་ག་རླུང་འཕྲིན་ཁང་ལ་ཁོང་གི་ཨ་མ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ།  རང་ལུས་མེར་བསྲེགས་གནང་བའི་སྐབས་སུ་རྡོ་རྗེ་ཚེ་རིང་ ལགས་ཀྱིས་བོད་རང་བཙན་ཞེས་སྐད་འབོད་གནང་པ་མ་ཟད། དེ་སྔ་ཡང་ཁོང་ལ་བོད་ཀྱི་རྩ་དོན་ཆེད་དུ་རང་ལུས་མེར་བསྲེག་གཏང་ན་དགའ་ས་རེད་ དམ་ཞེས་དྲི་བ་ཡང་བཏང་མྱོངས་ཡོད་པ་རེད་འདུག


རྡོ་རྗེ་ཚེ་རིང་ལགས་ནི་མ་སུ་རི་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་སློབ་བཞིན་པ་དང། ཁོང་གི་ཕ་མ་གཉིས་ལ་བུ་ཕྲུག་ལྔ་ཡོད་པ་ལས་ཁོང་ཆུང་ཤོས་དེ་རེད་འདུག རྩ་བའི་ཆར་ཁོང་ནི་རྒྱ་གར་བྱང་ཕྱོགས་མ་ན་ལི་ནས་ཡིན་ཞིང་། ཁོང་རང་ཉིད་ཀྱི་ཨ་མ་ལགས་དང་ལྷན་དུ་འདོད་རྒུ་གཡུ་རྒྱལ་གླིང་གྱི་རྒན་གསོ་ཁང་ དུ་པོ་པོ་ཐུག་འཕྲད་ཆེད་བསྐྱོད་པ་ཞིག་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་ཐེངས་དེའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་ རིམ་དང་འབྲེལ། ས་གནས་འགོ་འཛིན་གཙོས་ས་གནས་རྒན་གསོ་ཁང་ལ་འབྲེལ་བ་ཞུ་ཐབས་བྱས་ཀྱང། ད་བར་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མཁན་བྱུང་མ་སོང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།