ཡོ་རོབ་བོད་པས་ལིའུ་ཞའོ་པའོ་གློད་བཀྲོལ་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༤ ཉིན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བྷེལ་ཇམ་གྱི་རྒྱལ་ས་བྷུར་ཟལ་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་མདུན་ཐང་དུ་རྒྱལ་སྤྱིའི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་བརྩོན་ལེན་བྱེད་པའི་ཞི་བའི་ངོ་རྒོལ་བྱས་ཡོད་འདུག ཐེངས་འདིའི་ལས་འགུལ་ནི་བོད་རང་དབང་རྒྱལ་ཚོགས་དང༌། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱ་ནག་གི་རང་དབང་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷུར་ཟལ་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་མདུན་ཐང་དུ་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་བརྩོན་ལེན་བྱེད་པའི་ཞི་བའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌།

སྐབས་དེར་སྐུ་ཞབས་བྷར་བྷེན་ལགས་ཀྱིས་གསུང་བཤད་གནང་དོན། ང་ཚོས་ལོ་ལྟར་ཕྱི་ཟླ་༡༢ཚེས་༡༠ཉིན་ཆབ་སྲིད་ཀྱི་བཙན་གནོན་འོག་ཚེ་ལས་འདས་པ་དང་ད་ལྟ་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་དྲན་གསོ་བྱེད་དགོས། དེ་རིང་མི་རིགས་འདྲ་མིན་དང་རྒྱལ་ཁབ་འདྲ་མིན། ཆོས་ལུགས་འདྲ་མིན་སོགས་ཀྱི་མི་མང་རྣམས་འདི་རུ་འཛོམས་པ་དེ་ང་ཚོ་ཚང་མས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་སེམས་ཁུར་དང་དོ་སྣང་བྱེད་ཀྱི་ཡོད་པས་རེད།
དུས་ཉེར་གཅིག་པར་སླེབས་ཡོད་ཀྱང༌། འཛམ་གླིང་གི་མི་མང་ཁྲི་སྟོང་མང་པོར་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་རྐྱེན་གྱིས་ང་ཚོས་ལས་འགུལ་འདི་སྤེལ་བ་ཡིན་ལ། ཐེངས་འདིའི་ལས་འགུལ་བརྒྱུད་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་༢༠༡༠ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ལགས་དང་ཁོང་གི་བཟའ་ཟླ་ལིའུ་ཤ། དེ་མིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཙོ་བོར་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་མྱུར་ཏུ་གློད་བཀྲོལ་གཏོང་དགོས་པའི་རེ་འབོད་ཞུས་པ་ཡིན་ཞེས་བརྗོད་ཡོད་འདུག
ཡང་ཁོང་གིས་སྐུ་ཞབས་ལོའུ་ཞའོ་པའོ་ལགས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་བཀྲོལ་ཡོང་བར་རེ་བ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་གིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ཐོག་མི་བུ་སུ་ཞིག་ཡིན་རུང་གཞུང་ལ་སྐྱོན་བརྗོད་བྱེད་པའི་དབང་ཆ་ཡོད་ཅེས་བརྗོད་པ་ལྟར། ཁོང་གིས་སོ་སོའི་རང་དབང་ཙམ་ལོངས་སུ་སྤྱད་ནས་རྒྱ་གཞུང་གི་སྲིད་དབང་སྒེར་གཅོད་སོགས་ལ་སྐྱོན་བརྗོད་བྱས་ཡོད་པ་ལས་རྩ་ཁྲིམས་དང་འགལ་བའི་བྱ་བ་ཅི་ཡང་བྱས་མེད། དེ་བཞིན་༼འཇིགས་བྲལ་༽གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཀྱང་ཁྲིམས་དང་འགལ་བའི་བྱ་བ་ཅི་ཡང་བྱས་མེད། ཡང་རྒྱ་ནག་གི་སྐུ་ཞབས་ཀོའོ་ཀྲི་སིན་ལགས་ཕྱི་ལོ་༢༠༠༨་དང་ད་ལོ་བཅས་ཐེངས་གཉིས་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ནང་དུ་སླེབས་ཀྱང༌། རྒྱ་གཞུང་གིས་ཐེངས་མང་པོར་ཁོང་འཛིན་བཟུང་བྱས་ཏེ་མནར་གཅོད་གང་མང་བཏང་བ་མ་ཟད། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ནས་ཁོང་གར་སོང་ཆ་མེད་དུ་གྱུར་བ་རེད།
དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༦ཙམ་ལ་༧གོང་ས་མཆོག་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་མ་ཐག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལྟ་ཤི་གསོན་གང་ཡིན་མི་ཤེས་པར་གྱུར་ཡོད། ༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དབང་བརྩོན་ལེན་གནང་བར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་བསྔགས་བརྗོད་མཚོན་པར་ ཕྱི་ལོ་༡༩༨༩ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བ་ཡོད་པ་དང། འབར་མ་དྲག་པོའི་གཞུང་གིས་ལོ་ངོ་མང་པོར་བཟང་བཙོན་དུ་བཅུག་པའི་ལྕམ་ཨང་སན་སུའི་ཆའི་ལགས་ལའང་ ༡༩༩༡ ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། དེ་མིན་ཡ་གླིང་གི་རྒྱལ་ཁབ་ཁག་ཏུ་སྲིད་དབང་སྒེར་འཛིན་གྱི་བཙན་གནོན་འོག་སྡུག་བསྔལ་མྱོང་དང་མྱོང་བཞིན་པ་ཚང་མ་ང་ཚོས་ནམ་ཡང་བརྗེད་མི་སྲིད་ཅེས་བརྗོད་པ་དང།

ཁོང་གིས་མཇུག་བསྡོམས་སུ། ང་ཚོས་ནམ་ཡང་མཐུན་སྒྲིལ་གྱི་ལག་རྡང་སྒྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་སོགས་ལ་འབད་བརྩོན་ཆེན་པོས་རྩོད་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག བྷེལ་ཇམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་ཀྱིས་དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པས། བོད་དང་རྒྱ་ནག་ལ་མཚོན་ན་ཉིན་མོ་འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། རྒྱ་ནག་གི་བཙན་གནོན་ལ་བརྟེན་ནས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་ཅེས་བརྗོད་འདུག

ད་ཐེངས་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་ནི། རྒྱ་ནག་ནི་ད་ལྟ་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ཆགས་ཡོད་ཀྱང་མི་བུའི་རང་དབང་སོགས་རྩེད་སྤྱད་བྱེད་མཁན་གཙོ་བོ་ཞིག་ཡིན། རྒྱ་ནག་ནི་མགྱོགས་མྱུར་ངང་དཔལ་འབྱོར་འཕེལ་རྒྱས་་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ནའང༌། རིག་གཞུང་དང་ཆོས་ལུགས་སོགས་ཀྱི་རང་དབང་མེད་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། རྒྱ་ནག་ནི་འཛམ་གླིང་ཐོག་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཡིན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་ཡིག་ལ་བརྩི་སྲུང་བྱེད་པའི་མིང་རྟགས་བཀོད་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་མཁན་གྱི་གཏེ་བོ་ཞིག་ཏུ་ཆགས་ཡོད།
གལ་སྲིད་རྒྱ་ནག་ལ་བཟང་ཕྱོགས་ནས་འགྱུར་བ་ཐེབས་ཚེ་དེ་ནི་འཛམ་གླིང་གི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་གཞན་དག་གི་གལ་ཆེན་གྱི་རྟགས་མཚན་ཞིག་རེད། ཕྱི་དྲོའི་དུས་ཚོད་༤ཙམ་ལ་ཐེངས་འདིའི་ལས་འགུལ་རྒྱལ་ཁའི་ངང་གྲོལ་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།