ཡོ་རོབ་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༨ཉིན། རྒྱུན་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱིས་རྐྱེན་པས་བལ་ཡུལ་གཞུང་གིས་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་དང༌། བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་ཡོང་མཁན་བོད་མི་རྣམས་ལ་དཀའ་ངལ་ཤུགས་ཆེ་སྤྲོད་བཞིན་པར་བརྟེན། ཟླ་འདིའི་ཚེས་༧ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་གནད་དོན་དེའི་ཐད་བལ་ཡུལ་གཞུང་ལ་སྐྱོན་བརྗོད་དང༌། བལ་ཡུལ་གཞུང་གིས་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་བོད་མི་དང༌། དེ་བཞིན་བལ་ཡུལ་གནང་གནས་སྡོད་བྱས་ཡོད་པའི་བོད་མི་༢༠༠༠༠ ཙམ་ཡོད་པ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ལེན་བྱེད་དགོས་པའི་གྲོས་ཆོད་བཞག་ཡོད་འདུག
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐོ་མཱ་སི་མན་ལགས་ཀྱིས། བལ་ཡུལ་ནང་ཡོ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་ཀེ་ཐི་རིན་ལགས་ལ། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ནང་གསལ་ལྟར། བལ་ཡུལ་ནང་གནས་སྡོད་བྱས་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་འོས་འཚམ་སྤྲོད་ཀྱིན་ཡོད་མེད་སྐོར་རྟོག་ཞིབ་ནན་མོ་གནང་དགོས་ལུགས་བཀོད་མངག་གནང་ཡོད་འདུག
སྐུ་ཞབས་ཐོ་མཱ་སི་མན་ལགས་ཀྱིས། བལ་ཡུལ་ཉེན་རྟོག་པས་རྒྱུན་དུ་བོད་མི་གང་བྱུང་འཛིན་བཟུང་དང་བཀག་འགོག དེ་བཞིན་དུས་ཆེན་ཁག་ལ་བོད་མི་རྣམས་མཉམ་འཛོམས་བྱེད་རྒྱུར་དམ་བསྒྲགས་བྱས་པ་སོགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ཁྲིམས་ལུགས་དང་འགལ་བ་ཡིན་སྐོར་བརྗོད་ཡོད། ཡང་གྲོས་ཆོད་དེའི་ནང༌། འདི་ལོ་ཕྱི་ཟླ་༣པའི་ཚེས་༢༠ཉིན་བལ་ཡུལ་ནང་བོད་མི་ཚོས་བཀའ་བློ་ཁྲི་པ་དང་གྲོས་ཚོགས་འཐུས་མི་འོས་བསྡུ་བྱེད་སྐབས། བལ་ཡུལ་གཞུང་གིས་དམ་བསྒྲགས་བཀག་འགོག་བྱས་ཡོད་པ་དང༌། མ་ཚད། རྒྱ་ནག་གཞུང་གིས་བལ་ཡུལ་དུ་རྒྱུན་དུ་ཐེ་བྱུས་བྱས་པ་དེ་ཡང་འོས་འཚམ་ཞིག་གཏན་ནས་མིན་ལུགས་བརྗོད་ཡོད།
དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དབུས་གཞུང་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་བཅས་ལ་བལ་ཡུལ་ནང་སྲིད་ལ་ཐེ་བྱུས་དང་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་བྱེད་དགོས་ལུགས་ཀྱང་གསུངས་ཡོད་འདུག

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སམས་རགས།