ཡུ་རོབ་སྤྱི་འཐུས་འོས་མིའི་ནང་བུད་མེད་གཅིག་དགོས་ཀྱིན་འདུག

གོང་ཚེས་ཉིན་ཡུ་རོབ་སྤྱི་འཐུས་འོས་མིའི་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་སི་པན་དུ་གནས་བཞུགས་ཡུ་རོབ་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་ལགས་དང་། སུད་སིར་གནས་བཞུགས་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོ་རྣམ་གཉིས་དང་། གསར་ཞུགས་བྱ་མི་སུད་སིར་གནས་བཞུགས་བསམ་མདོ་བྱམས་པ་ཚེ་རིང་། ཧྥི་རན་སིར་གནས་བཞུགས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས། སུད་སིར་གནས་བཞུགས་སྒ་བློ་བཟང་བསོད་ནམས་འཇམ་དབྱངས་བསོད་ནམས་བཅས་ཡིན་འདུག་ཅིང་། འོས་མི་སོ་སོའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་འགན་དང་མ་འོངས་པའི་ལས་འཆར་དང་དམ་བཅའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་སོང་ལ། ཐེངས་འདིར་མི་རབས་གསར་བའི་མཐུན་ཚོགས་ངོས་ནས་ཆེད་འདོན་གནང་བའི་ཡུ་རོབ་སྤྱི་འཐུས་ཀྱི་འོས་མི་གཉིས་ནི། སུད་སིར་གནས་བཞུགས་བསམ་མདོ་བྱམས་པ་ཚེ་རིང་ལགས་དང་། སི་པན་དུ་གནས་བཞུགས་ཐུབ་བསྟན་དབང་ཆེན་གཉིས་ཡིན་འདུག

སྤྱི་ལོའི་༢༠༡༦ ལོའི་ཡུ་རོབ་སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཡུ་རོབ་སྤྱི་འཐུས་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་དོན། འདས་པའི་སྤྱི་འཐུས་ཀྱི་ལས་ཀ་བྱས་པའི་ནང་ལས་དོན་མང་པོ་ཞིག་བྱས་ཡོད་པ་དང་། ལས་དོན་དེ་དག་ཀྱང་མི་མང་གིས་དགའ་མོས་གནང་གིན་འདུག སོ་སོས་ཀྱང་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཞུས་པ་ཡིན། དེ་ལ་མི་མང་གིས་འགྲིག་མ་སོང་ཟེར་མཁན་བྱུང་མ་སོང་། གཉིས་ནས་སོ་སོ་ལོ་ཆེན་པོ་ཆགས་ཡོད་པ་ཡིན་ནའང་། ལོ་ཆེན་པོ་རེད་དྲན་ནས་སྡོད་ཡ་མི་འདུག ད་ལྟའི་བོད་ཀྱི་གནས་བབ་དང་ལྷག་པར་དུ་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་ཡོད་ཀྱང་ད་དུང་བོད་ཀྱི་སྲིད་སྐྱོང་ལས་ལྷག་པ་ཞིག་ཕྱག་ལས་གནང་བཞིན་པ་ཡིན་དུས། སོ་སོ་ཡིན་ནའང་བོད་མི་རིགས་ལ་ཕན་ན་མུ་མཐུད་དུ་ཞབས་ཞུ་ཞུ་དགོས་ཀྱི་འདུག་དྲན་ནས་ཡུ་རོབ་སྤྱི་འཐུས་ལ་ལང་བཞིན་པ་ཡིན། ཞེས་དང་། ད་ལྟའི་ཡུ་རོབ་སྤྱི་འཐུས་འོས་མིའི་ནང་བུད་མེད་ཅིག་མ་ཐོན་པ་ནི་ཡག་པོ་མི་འདུག ང་ཚོ་མི་ལྔ་ཡོད་ཀྱང་བུད་མེད་གཅིག་ཀྱང་མི་འདུག འདི་ལ་བུད་མེད་ཚོས་འགན་ཁུར་ནས་བེུད་སྤྱི་འཐུས་འོས་མི་ཞིག་ལང་ཐུབ་ན་ཡག་པོ་འདུག ད་དུང་དུས་ཚོད་ཡོད་པ་རེད། ཅེས་གསུང་སོང་།

བཀྲས་མཐོང་དབང་པོ་ལགས་ཀྱིས་འདས་པའི་ཕྱག་ལས་མང་པོ་གནང་ཟིན་པ་སོགས་ངོ་སྤྲོད་དང་འབྲེལ་གསུངས་དོན། ང་རང་སྤྱི་འཐུས་ལས་ཐོག་བྱས་ནས་ལོ་གཅིག་ཙམ་སོང་བའི་རིང་ང་རང་གི་རྒྱུས་ལོན་དང་ཉམས་མྱོང་གི་ཐོག་ནས་བཤད་ན། ང་ཚོའི་འདས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འགྲོ་སྟངས་ལ་གྲུབ་འབྲས་ཐོན་གྱིན་མེད་པ་ཁག་ལ་ངེས་པར་བསྐྱར་ཞིབ་ཅིག་གནང་དགོས་ཀྱིན་འདུག་ལ། དེར་དམིགས་བསལ་ཚོགས་ཆེན་འདྲ་བོ་དེ་འདྲ་བསྐོང་ཚོགས་ཀྱིས་སྲིད་བྱུས་བསྐྱར་ཞིབ་ངེས་པར་དགོས་ཀྱི་འདུག་ཅེས་དང་། གཞན་མི་མང་ཁག་གིས་ང་རང་དོལ་རྒྱལ་གསོ་མཁན་རེད་ཟེར་བའི་སྐད་ཆ་ཞིག་ཡོང་གི་འདུག་ཟེར་ནས་གོ་བྱུང་། མ་གཞི་ངས་ཆོས་ཟེར་བ་དེར་གོ་བ་ཡག་པོ་ཞིག་ལོན་གྱིན་མེད་པའི་ཐོག་ལ་དོལ་རྒྱལ་ཟེར་བ་དེ་བས་ཀྱང་ཤེས་ཀྱིན་མེད། སྐད་ཆ་དེ་ཡོང་དགོས་པའི་རྒྱུ་མཚན་དེ་གང་རེད་ཞུས་པ་ཡིན་ན། སྔོན་མ་སུད་སི་ནང་ལ་ཡིག་ཆ་ཞིག་གི་ཐོག་ལ་ས་ཡིག་རྒྱག་རོགས་ལབ་ནས་ང་ལ་བསྟན་སོང་། ཡིག་ཆ་དེར་དོལ་རྒྱལ་བསྟེན་མཁན་ཚང་མ་རྒྱ་མིའི་སོ་བ་རེད་ཟེར་ནས་བཀོད་འདུག ངས་དེར་ས་ཡིག་བརྒྱབ་མེད། དོལ་རྒྱལ་བསྟེན་མཁན་ནང་ལ་རྒྱ་མིའི་སོ་བ་ཡོད་པ་བརྒྱ་ཆ་བརྒྱ་རེད། ཡིན་པ་ཡིན་ནའང་དོལ་རྒྱལ་གསོ་མཁན་ཚང་མ་རྒྱ་མིའི་སོ་བ་རེད་ཟེར་ན་འགྲིག་གི་མི་འདུག ཡིག་ཆ་དེ་འདྲ་ཞིག་ད་ལྟ་ཁྱེར་ཡོང་ནའང་ས་ཡིག་རྒྱག་ཐུབ་ས་མ་རེད། རྒྱུ་མཚན་དེ་ལ་བསྟེན་ནས་ངས་དོལ་རྒྱལ་གསོ་གི་ཡོད་པ་རེད་མདོག་མདོག་མང་པོ་ཞིག་ལབ་ཀྱིན་ཡོད་པ་འདྲ། གནས་ཚུལ་དེ་བདེན་པ་མ་རེད་ལབ་ནས་གསལ་བོ་ཞུ་རྒྱུ་ཡིན། ཅེས་སོགས་གསུངས་སོང་།

བསམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་ཡུ་རོབ་སྤྱི་འཐུས་འོས་མི་ཚོས་ལས་འགན་སྐོར་ནས་གསུང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར། སྤྱི་འཐུས་ཀྱི་ལས་འགན་ནི་སྲིད་སྐྱོང་ཕུད་པའི་བཀའ་བློན་རྣམས་བསྐོ་བཞག་ཚད་ལྡན་ཡོང་མིན་ལ་ཐག་གཅོད་གནང་རྒྱུ་དང་། གཞན་འཛིན་སྐྱོང་གི་སྲིད་བྱུས་གཏན་འབེབ་གནང་རྒྱུ་སོགས་ནི་སྤྱི་འཐུས་ཀྱི་ལས་འགན་གལ་ཆེ་ཤོས་དེ་རེད་དྲན་གྱིན་འདུག ཅེས་དང་། མ་འོངས་པར་ཡུ་རོབ་དང་ཨ་ཧྥི་ཁའི་ཁུལ་གྱི་བོད་མི་ཚོའི་དཀའ་ངལ་སོགས་སེལ་ཐབས་ལ་ཕྱག་ལས་གང་འོས་གནང་ཡ། ཡུ་རོབ་ཁུལ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་འཚོལ་ཐབས་ལ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཞུ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ང་རང་ཡིན་ན་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་སྐུ་ཕྲེང་བཞི་བ་ཆེན་མོ་མཆོག་གི་བཀའ་དགོངས་ལ་མ་འགལ་བ་ཞིག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཕུགས་རྒྱང་རིང་བའི་ལམ་དབུ་མའི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་གཙང་ཞུ་རྒྱུ་ཁས་ལེན་དང་དམ་བཅའ་ཞུ་རྒྱུ་ཡིན། ཅེས་སོགས་གསུངས་སོང་།

རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཡུ་རོབ་སྤྱི་འཐུས་ཀྱི་ལས་འགན་སྐོར་ནས་གསུང་དོན། ཡུ་རོབ་སྤྱི་འཐུས་ནི་རྡ་རམ་ས་ལར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་དང་། ཡུ་རོབ་བོད་རིགས་མི་མང་བར་གྱི་ཟམ་པ་ལྟ་བུ་དང་། ཡུ་རོབ་བོད་རིགས་ཚོའི་དཀའ་ངལ་དབུས་སྒྲིག་འཛུགས་ཀྱི་སྲིད་བྱུས་ནང་བཅུག་སྟེ་དཀའ་ངལ་སེལ་ཐབས་ཞུ་རྒྱུ་དེ་གཙོ་བོ་རེད། དེ་བཞིན་ཡུ་རོབ་བོད་རིགས་མི་མང་གི་དཀའ་ངལ་སྤྱི་དང་། བོད་དོན་འཐབ་རྩོད་ཀྱི་ལས་ཀ་སོགས་ཡུ་རོབ་སྤྱི་འཐུས་ཀྱིས་གནང་དགོས་པ་དང་། གནང་ཐུབ་པ་ཁག་ཅིག་ཡོང་གི་ཡོད་པ་རེད། ཅེས་དང་། སུད་སི་ནང་བོད་རིགས་ཁག་ཅིག་ལ་སྐྱབས་བཅོལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཁག་ཅིག་བོད་པ་སྐད་སྒྱུར་བ་ཚོས་བཟོས་པ་རེད་འདུག བོད་པ་སྐད་སྒྱུར་བ་ཁག་ཅིག་གིས་ཁོ་བོད་པ་རེད་མི་འདུག ཁོ་རྒྱ་གར་ནས་རེད་འདུག་སོགས་བཤད་པ་ལ་བརྟེན་ནས་དཀའ་ངལ་ཕྲད་པ་རེད་འདུག སུད་སི་ནང་གི་སྐད་སྒྱུར་པ་མང་པོ་ཞིག་ལ་བོད་རང་གི་སྐད་རིགས་ལ་ཆ་རྒྱུས་མི་འདུག ཁམས་སྐད་ཡིན་ནའང་ནང་གསེས་ཡུལ་སྐད་མང་པོ་ཡོད་པ་རེད། ཨ་མདོ་སྐད་ཡིན་ནའང་ཡུལ་ལུང་སོ་སོའི་སྐད་མང་པོ་ཡོད་པ་རེད། སྐད་སྒྱུར་བ་མང་པོ་ཞིག་གིས་རྒྱ་གར་གཞིས་ཆགས་སྐད་ཀྱི་རྨང་གཞི་མ་གཏོགས་ཤེས་ཀྱི་ཡོད་པ་མ་རེད། དེ་བྱས་དུས་ང་ཚོས་ངེས་པར་དུ་སུད་སི་བོད་རིགས་མི་མང་འཐུས་ཚོགས་དང་། དོན་གཅོད། སུད་བོད་མཛའ་འབྲེལ་ཚོགས་པ་སོགས་མཉམ་འབྲེལ་ཐོག་བོད་རང་གིས་ངེས་ལེན་ཡོད་པའི་སྐད་སྒྱུར་བ་དེ་འདྲ་སུད་སི་གཞུང་ལ་ཕུལ་ཐུབ་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱིན་འདུག ཅེས་དང་། ཡུ་རོབ་ནང་གི་བོད་རིགས་ཀྱི་དཀའ་ངལ་དང་། ལྷག་དོན་བོད་དོན་འཐབ་རྩོད་ཀྱི་ལས་དོན་སོགས་ཡུ་རོབ་ནང་མི་ཆོས་རིང་ལུགས་ཀྱི་ཐོག་ནས་རོགས་ཚོགས་བཙལ་བ་དང་། ཆབ་སྲིད་ཀྱི་ཐོག་ནས་རོགས་ཚོགས་འཚོལ་ཐབས་གནང་རྒྱུ་སོགས་མང་པོ་ཡོད་རེད། ཅེས་དང་། ང་ཚོའི་གྲོས་ཚོགས་ཀྱིས་འདས་པའི་སྲིད་བྱུས་བསྐྱར་ཞིབ་བྱ་དགོས་མིན་ནི་མི་མང་རང་གིས་མངོན་འདོད་ལ་བརྩི་བཀུར་བྱ་རྒྱུ་ལས། སྤྱི་འཐུས་སྒེར་བ་ཞིག་གི་བསམ་ཚུལ་གཞིར་བཞག་ཆབ་སྲིད་བསྐྱར་ཞིབ་བྱ་དགོས་དོན་མེད།ཅེས་སོགས་གསུངས་སོང་།

སྤྱི་འཐུས་འོས་མི་སྒ་བློ་བཟང་འཇམས་དབྱངས་བསོད་ནམས་ལགས་ཀྱིས་ཁོང་གི་གཞི་རྩའི་ལྟ་གྲུབ་དང་འབྲེལ་ནས་གསུང་དོན། ཡུ་རོབ་བོད་མི་ཚོས་མཐུན་སྒྲིལ་གོང་འཕེལ་གཏོང་དགོས་གྱིན་འདུག ང་ཚོས་ལས་དོན་ཆ་ཚང་གི་འབྱུང་རྩ་གཙོ་བོ་དེ་མཐུན་སྒྲིལ་ཡིན་དུས། མཐུན་སྒྲིལ་ནི་གལ་ཆེ་ཤོས་དེ་ཡིན་པ་ཚང་ཤེས་མཁྱེན་དགོས་པ་རེད། དེ་བས་གཞི་རྩའི་བོད་མི་དང་བོད་མིའི་བར་དང་། ཚོགས་པ་དང་ཚོགས་པའི་བར་མཐུན་སྒྲིལ་བྱས་ནས་ཡུ་རོབ་ནང་བོད་མི་ཚོ་མཉམ་འབྲེལ་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཀྱིན་འདུག སྟོབས་ཤུགས་དེ་འདྲ་བ་ཞིག་ཡོད་ན་ང་ཚོས་ཡུ་རོབ་ནང་བོད་དོན་ལས་འགུལ་དང་། བོད་དོན་ཞུ་གཏུགས། བོད་དོན་རྒྱབ་སྐྱོར་ཚོགས་པ་འཚོལ་རྒྱུ་ལས་སླ་རུ་འགྲོ་རྒྱུ་ཡིན་པ་རེད། དེ་ལས་ཀྱང་གལ་ཆེ་ཤོས་ཤིག་ཡོད་པ་ནི་ཡུ་རོབ་ནང་གི་བོད་མི་ཚོར་མི་རིགས་རང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་དེ་རེད། ད་ལྟ་སུད་སི་ལྟ་བུ་མཚོན་ན་རྒྱ་གར་དང་བལ་ཡུལ་ནས་ཡོང་མཁན་དང་། བོད་ནས་ཕེབས་མཁན་བོད་ཡིག་གི་རྨང་གཞི་ཧ་ཅང་ཡག་པོ་ཡོད་མཁན་དེ་འདྲ་མང་པོ་ཡོད་པ་རེད་དེ། དེ་དག་ལོ་ཤས་རྗེས་ནས་སོ་སོའི་གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་པ་ཆགས་ཀྱིན་འདུག རྒྱུ་མཚན་བེད་སྤྱོད་གཏོང་ས་མེད་སོང་བས་རེད། དེ་བས་དེ་དག་རུབ་རུབ་བཟོས་ནས་ཕྲུག་གུ་ཆུང་ཆུང་ཚོར་སློབ་ཁྲིད་གནང་བཅུག་ཡ་ལ་སོགས་པའི་མི་རིགས་རང་ལུགས་དང་འདུ་ཤེས་གཙོ་བོ་འཛིན་བྱེད་པའི་སློབ་གསོ་སྤེལ་དགོས་ཀྱིན་འདུག ཅེས་སོགས་གསུངས་སོང་།  ཙ་ཡུལ་ཕུན་ཚོགས།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སྡོམས་རོགས།