ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་དུ་ཕེབས་པ་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་དང་ཕྱག་རོགས་གཉིས་བཅས་ལ་ཛུ་རིག་གྲོང་ཁྱེར་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ།

འདི་ག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ ཉིན་བོད་རིགས་ ༡༥༠ ལྷག་འདུ་འཛོམས་ཀྱིས་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་དུ་ཕེབས་པ་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་དང་ཕྱག་རོགས་གཉིས་བཅས་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། དེ་ཡང་ཛུ་རིག་གྲོང་ཁྱེར་གྱི་ཚོགས་ཁང་ཞིག་ནང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་གནང་།
བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང་དགེ་བཤེས་དབང་ཆེན་ལགས་ལ་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་ཀྱི་ལས་འགུལ་རྒྱ་ཆེ་དེ་ལྟ་བུ་བརྩམས་པར་མངགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུས།

དེ་རྗེས་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་ཀྱང་དགེ་བཤེས་ལགས་དང་ཕྱག་རོགས་རྣམ་གཉིས་ལ་ད་རེས་སྐུ་ངལ་མཛེམས་མེད་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་སུམ་ཅུ་ཙམ་ལ་སྐོར་སྐྱོད་ལས་འགུལ་འགོར་ཡུན་ཟླ་བ་གཉིས་ཧྲིལ་པོ་གནང་སྟེ་འདི་གར་སྐུ་གཟུགས་བདེ་ཐང་ངང་ཕེབས་འབྱོར་གནང་བ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསུངས།
སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་ནས་ལས་འགུལ་ཆེན་པོ་དང་དུས་ཡུན་རིང་པོ་དེ་ལྟ་བུ་ནི་བསམ་ཐུབ་པ་དང་། འགྲུབ་ཐུབ་པའི་ལས་འགུལ་ཆུང་ཆུང་ཞིག་ནམ་ཡང་མིན་པར་དེ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ཞེས་དང་། སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་སྐབས་རང་ཉིད་བཅར་རྒྱུ་བྱུང་བ་དང་ལས་འགུལ་མཇུག་སྐྱོང་སྐབས་སུ་སླར་སུད་སིར་མ་བསྒྲིགས་ལྷུན་གྲུབ་ཀྱིས་འདིར་ངོ་བཅར་བྱུང་ཐུབ་པར་དགའ་ཚོར་བྱུང་ཞེས་གསུངས།

སྤྱི་འཐུས་དབང་ཆེན་ལགས་ནས་འདིར་ཕེབས་བསུའི་གོ་སྒྲིག་དེ་ལྟ་བུ་གནང་བ་ལ་ཐུགས་རྗེ་ཆེ་དང་། ང་ཚོའི་བོད་འདི་རང་ཉིད་ཀྱི་རྒྱལ་ཁབ་དགྲ་བོའི་ལག་པར་ཤོར་ཏེ་ལོ་ངོ་ ༦༠ སོང་བའི་བོད་ཀྱི་འཐབ་རྩོད་འདི་ནི་ལོ་རེར་ཉིན་གཅིག་ཙམ་ལས་མ་ཡིན་པར་བོད་ཀྱི་བདེན་མཐའ་མ་སེལ་བར་ཉིན་ལྟར་གནང་དགོས་པ་ཞིག་རེད་ཅེས་དང་། འདི་ག་རང་རིགས་ཕྱི་རྒྱལ་རང་དབང་ལྡན་པའི་ཡུལ་གྲུ་ཁག་ཏུ་འཚོ་བ་དང་གཞན་དབང་སྟབས་བསྟུན་འབའ་ཞིག་ཡིན་པར་སོང་དེ་ལྟར་གནང་མ་ཐུབ་རུང་ནམ་ཡང་བརྗེད་མི་རུང་བ་ཞིག་རེད་ཅེས་གསུངས།

འགྲེལ་བརྗོད་མུ་མཐུད་གནང་སྟེ་གསུང་གསལ། སྐོར་སྐྱོད་ལས་འགུལ་སྤེལ་བའི་ཡུ་རོབ་ཡུལ་གྲུ་ཁག་སུམ་ཅུ་སོ་སོའི་ནང་གནས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱ་ནག་གཞུང་ནས་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་ཞི་བའི་གྲོས་མོལ་གནང་དགོས་པའི་ཞུ་གཏུགས་གནང་བའི་སྐོར་དང་། སྔ་ཕྱིས་བར་གསུམ་གྱི་བྱུང་རིམ་གྱི་མྱོང་ཚོར་གསལ་པོར་གསུངས་ཤིང་། དེར་ཚོགས་བཅར་བོད་རིགས་སྤུན་ཟླ་རྣམས་ཀྱི་དྲི་བར་གསུང་ལན་དང་དགོངས་ཚུལ་བཀའ་སློབ་ལྷུག་པོར་གནང་བའི་ནང་། རང་རེ་བོད་རིགས་རྣམས་ནས་མཐུན་སྒྲིལ་དང་གཅིག་སྒྲིལ་གྱི་ནུས་པར་བསམས་ཤེས་གནང་དགོས་གལ་དང་། མཐུན་སྒྲིལ་གོང་བུ་གཅིག་ཏུ་མེད་ཕྱིན་ལས་འགུལ་གང་ཞིག་ཀྱང་ལམ་ལྷོང་ཅན་དུ་གྱུར་མི་ཐུབ་པའི་དཔེ་མཚོན་རང་ཉིད་ཀྱི་ཕྱག་རོགས་ཕྱི་རྒྱལ་བ་གཉིས་ལ་དཔེ་སྦྱར་ཏེ་གསུངས་དོན། ཁོང་གཉིས་བོད་རིགས་མིན་ནའང་བློས་འཁེལ་གྱི་གྲོགས་པོ་བཟང་པོ་གཉིས་ཡིན་པར་བརྟེན། སྐོར་སྐྱོད་ཀྱི་དུས་ཡུན་རིང་པོ་འདིའི་ནང་ཕན་ཚུན་དབར་དཀའ་ངལ་ཕྲན་བུ་ཙམ་ཡང་མི་བྱུང་ཞེས་གསུངས།

བཀའ་སློབ་མུ་མཐུད་གནང་གསལ། བོད་སྤྱིའི་བདེ་སྡུག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རང་གཞུང་སྒྲིག་འཛུགས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་པས་དེ་ལྟར་ཡིད་ལ་ཟབ་མོར་བཅངས་དགོས་ཞེས་ཚོགས་ཞུགས་པ་རྣམས་ལ་བློ་འགུལ་ཐེབས་པའི་བཀའ་སློབ་གནང་།
སུད་སི་གྲོས་ཚོགས་ཀྱི་ཚོགས་མི་བོད་དོན་རྒྱབ་སྐྱོར་བ (Niklaus Gugger, Member of Parliament, Switzerland) མཆོག་དེར་ཕེབས་ཏེ་བོད་དོན་ཆེད་སུད་སིའི་གཞུང་ལ་ཞུ་གཏུགས་གནང་དགོས་རིགས་ལ་རང་ཉིད་ཀྱི་རྒྱབ་སྐྱོར་ཡོད་སྐོར་གསུངས། དེ་ཉིན་གནས་སྡོད་བོད་མི་རྣམས་ནས་ཞལ་འདེབས་སུད་སྒོར་ ༨༠༠༠།༠༠ ལྷག་ཕུལ་བ་དེ་དག་དགེ་དབང་ཆེན་ལགས་སུ་ཐད་ཀར་འབུལ་བ་གནང་སྟེ་མཛད་སྒོ་ལེགས་པར་གྲུབ། མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་དེ་ཉིན་དགོང་དྲོའི་གསོལ་ཚིགས་ཤིག་འབུལ་བཤམས་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་བཀོད།།

གསར་འགོད་པ་དེའུ་དཀར་བསྟན་འཛིན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སམས་རགས།