ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཆེན་མོ་སྟེ་གསུམ་བཅུ་དུས་དྲན་ཐེངས་༥༩་པ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཁ་སང་ཕྱི་ཚེས་བཅུའི་ཉིན་ད་ལོའི་ཡུ་རོབ་བོད་མིའི་ལས་འགུལ་ཆེན་མོ་སྟེ་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་འདིའི་དངོས་གཞིའི་ལས་འགུལ་ཏེ་གསུམ་བཅུ་དུས་དྲན་ཐེངས་༥༩་པ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་དུ་སྲུང་གཙི་གནང་འདུག

ཐེངས་འདིའི་དངོས་གཞིའི་ལས་འགུལ་ནང་སུད་སི་དང་ལིག་ཏེན་སིཊཡན། ཨོ་སི་ཏུ་རེ་ཡཱ།  སྦེལ་ཇམ། ཡུ་ཁེད། ཧྥ་རན་སི།   སི་ཝེ་ཌྷན།   ཧོ་ལན།   ཨེ་ཊ་ལེ།   ཨར་ལན་ཊི།   ནོར་ཝལ།   ཌན་མག   ཕོ་ལན་ཊི།  འཇར་མན་ནེ།  སི་པན་བཅས་ཡུ་རོབ་ཀྱི་རྒྱབ་ཁབ་ཁག་བཅུ་བཞི་ནས་བོད་རིགས་བཞི་སྟོང་ལྷག་ཙམ་མཉམ་ཞུགས་གནང་འདུག

ས་གནས་ཀྱི་ཆུ་ཚོད་༡༡:༡༠ སྟེང་(Jardin Anglaise) ཐང་ཆེན་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་དང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུབ་བྱམས་པ་ཚེ་རིང་ལགས་བཅས་གཙོས་བའི་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཀྱིས་མི་དམངས་ཀྱི་སྣེ་ཁྲིད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་བར་དུ་ཆུ་ཚོད་གཅིག་གི་རིང་ལ་ཞི་བའི་གོམ་བགྲོད་གནང་འདུག

ཆར་ཞོད་ཅུང་ཙམ་ཆེ་ནའང་ལས་རིམ་ལ་འགྱུར་བ་གང་མེད་པར་ཆར་གདུགས་ཀྱི་འོག་ནས་དུས་ལྟར་མཇུག་སྐྱོང་གནང་འདུག

ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་དུ་མཇུག་གྲུབ་རྗེས་ས་གནས་མི་མང་ཟློས་གར་ཚོགས་པས་འགོ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་གུས་འདུད་གནང་།

དེ་ནས་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ཐཱོ་མ་སི་ལགས་ཀྱིས་འཚམས་འདྲི་གསུང་བཤད་དང་།  སུད་སི་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ནས་བཀའ་ཤག་གི་གསུམ་བཅུ་དུས་དྲན་ཐེངས་༥༩་བའི་གསུང་བཤད་སྒྲོགས་སྦྱང་དང་།  སྤྱི་འཐུས་བྱམས་པ་ཚེ་རིང་ལགས་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང་།

དེ་རྗེས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་།  ཇི་ནི་ཝ་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་(Mr.Remy Pagani)ལགས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུབ་ཚབ་ཀཡེ་མུ་ལར་ལགས།  བོད་དོན་རྒྱབ་སྐྱོར་བ་སུད་སི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ལྕམ་(Lisa Mazzone)ལགས་དང་སྐུ་ཞབས་(Rene Longet).  ཅེག་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་བ་(Mr.Mertin Bursik)ལགས།. དབྱིན་ཡུལ་གྱི་ནང་སྲིད་བློན་ཆེན་ཟུར་བ་སྐུ་ཞབས་(Mr.Norman Baker)ལགས།  ཨེ་ཊ་ལི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་(Mr.Giulio)ལགས།. ཡུ་རོབ་གྲོས་གྲོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mr.ThomasMann)ལགས།   དབྱིན་ཡུལ་ཡུ་རོབ་གྲོགས་ཚོགས་ཀྱི་འཐུས་མི་སྐུ་ལྕམ་ (Ms.Molly Scot Cato)ལགས།.   ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ལྕམ་(Ms.Jacquiline Eustache Brinio)ལགས།.  ཨེ་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mr.Claudia Cardelli)་བཅས་ཀྱིས་རེ་རེ་བཞིན་གསུང་བཤད་གནང་།  མཐར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་དོན་རྒྱབ་སྐྱོར་ཡོངས་ལ་ཐུགས་རྗེ་ཆེ་དང་བོད་མི་རྣམས་ལ་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་བའི་འབོད་སྐུལ་གནང་འདུག

ཡུ་རོབ་ས་གནས་ཁག་ནས་ཕེབས་པའི་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱི་ས་གནས་སོ་སོའི་ཡུལ་སྐད་ཀྱི་ཐོག་ནས་སྒྲོགས་སྦྱང་གནང་འདུག  གཞན་ཐེངས་འདིའི་ལས་འགུལ་ཆེན་མོའི་སྟེང་བོད་ཀྱི་གླུ་གཞས་སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་དང་གཞས་མ་གྲགས་ཅན་(Shiley Grimse)ལགས་གཉིས་ཀྱིས་གླུ་གཞས་རེ་རེའང་གཟིགས་འབུལ་གནང་འདུག

མཐར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ལས་འགུལ་ཆེན་མོ་འདིའི་སྟེང་ལ་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམས་དང་བོད་དོན་རྒྱབ་སྐྱོར།  ལས་འགུལ་འདིའི་ཐད་ལ་སྔ་ཕྱི་བར་གསུམ་དུ་གཞོགས་འདེགས་གནང་མཁན་དང་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེའི་མཇུག་སྡོམ་གྱི་གཏམ་དང་བཅས་གསུམ་བཅུ་དུས་དྲན་ཐེངས་༥༩་བའི་ལས་འགུལ་ཆེན་མོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་འདུག

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།