ཡུ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུ་སྐབས་གཉིས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་བསྐྱངས་བ།

༄༅།། ཡུ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུ་སྐབས་གཉིས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་བསྐྱངས་བ།༄༅།། ཟླ་བ་ ༤ ཚེས་ ༡༢ ཉིན་སུད་སི་གྲོང་ཁྱེར་ཕརི་བྷུག་ཞེས་པར་ཡུ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་གནང་མཛད་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཚོགས་འདུའི་དབུ་བཞུགས་སུ་ཕེབས་གནང་མཛད་ཡོད་པ་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་མཆོག་ ཚོགས་བཅར་བ་སྐུ་ཚབ་འཐུས་མི་ ༨༠ ལྷག་ནས་མཉམ་བཞུགས་གནང་ཡོད། ཐོག་མར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མི་མང་ཚོགས་གཙོ་ཟུར་པ་བསམ་དོ་བྱམས་པ་ཚེ་རིང་ལགས་ནས་དགའ་བསུའི་གསུང་བཤད་དང་མཛད་རིམ་ཁག་ངོ་སྤྲོད་གནང་རྗེས་སྲིད་སྐྱོང་མཆོག་ནས་དབུ་འབྱེད་གསུང་བཤད་གནང་། རིམ་བཞིན་དམིགས་བསལ་གསུང་བཤད་བ་ཁག་ནས་གསུང་བཤད་གནང་བའི་བར་འཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་བསྐྱངས་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་ ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་མཆོག་ གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཚོགས་མི་རྣམས་པ་ ཡུ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུ་སྐབས་གཉིས་པའི་གོ་སྒྲིག་པ་རི་ཀོན་མཁན་རིན་པོ་ཆེ་ཐུབ་བརྟན་ལེགས་སྨོན་མཆོག་དང་ ཚོགས་ཟུར་སམ་དོ་བྱམས་པ་ཚེ་་རིང་ལགས་ དེ་བཞིན་མི་མང་ཟློས་གར་བ་བཅས་ནས་གྲོ་སོ་ཕྱེ་མར་དང་རོལ་མོས་ཕེབས་བསུ་གཟབ་རྒྱས་ངང་ཞུས་རྗེས་ཚོགས་ཁང་ནང་གདན་ཞུ་བསྐྱངས་གནང་། ནང་ཆོས་ཚོགས་འདུ་སྐབས་གཉིས་པའི་ཚོགས་མི་རྣམས་པར་བཀའ་སློབ་བཀྲིན་སྩལ་དོན། ངོས་རང་ནང་ཆོས་ལ་དད་མོས་ཡོད་མཁན་ཁྱེད་རྣམ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་བདེ་བ་འདོད་ཀྱི་ཡོད་ཀྱང། ལ་ལས་དངུལ་དང་དཔལ་འབྱོར་རྣམས་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་ངོས་འཛིན་བྱས་པ་ནི་ནོར་འཁྲུལ་རེད།དེར་བརྟེན་དེང་སྐབས་སེམས་དང་སྲོག ཅེས་པའི་ཚོགས་པ་དེ་དག་གིས་ཕྱི་དངོས་པོ་ལས་ནང་བསམ་བློའི་རིན་ཐང་ཐོག་དོ་སྣང་བྱས་ཏེ། སེམས་ཞི་བདེ་བག་ཕེབས་ཐོག་ནས་བདེ་སྐྱིད་བསྐྲུན་རྒྱུའི་ཐབས་ལམ་ཡོད་པ་ལམ་སྟོན་གནང་བཞིན་ཡོད། ངོས་ཀྱིས་ཉེ་ཆར་དེབ་གཅིག་བཀླགས་པའི་ནང་འཛམ་གླིང་མི་མང་ཐེར་འབུམ་བདུན་ནས་ཐེར་འབུམ་གཅིག་གིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། ངོས་རང་མི་མང་ལྷག་མ་ཐེར་འབུམ་དྲུག་ཡོད་ཁོངས་ནས་གཅིག་ཡིན། ང་ཚོས་ཡ་རབས་བཟང་སྤྱོད་བྱ་རྒྱུ་ནི། ཆོས་ཉམས་ལེན་བྱེད་ཆེད་དང་། ཆོས་ཉམས་སུ་ལེན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུའི་དོན་ཙམ་མིན་པར། མི་ཚེའི་ནང་ཉིན་རེའི་བདེ་སྡུག་གི་འཚོ་བ་དང་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་མང་ཚོགས་ཁྲོད་བཟང་སྤྱོད་གལ་ཆེན་ཡིན་སྐོར་གོ་རྟོགས་སྤེལ་རྒྱུར་ཤུགས་རྒྱག་དགོས། ང་ཚོར་གཞན་ཕན་གྱི་བསམ་པ་ཡོད་ན་བྱ་བ་གང་ཡིན་རྒྱབ་མདུན་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱེད་ཐུབ་པ་དང། དེ་ལྟར་བྱུང་ན་མི་གཞན་གྱིས་ཡིད་ཆེས་ཡོང་རྒྱུ་མ་ཟད། རང་ཉིད་ལ་གྲོགས་པོ་མང་དུ་འགྲོ་རྒྱུ་སོགས་ཀྱི་ཕན་ཡོན་ཡོད། ངོས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་ནང་ཆོས་སྐོར་ཤོད་ཀྱི་ཡོད་ཀྱང་དུས་ནམ་ཡང་ཁོང་ཚོར་ནང་ཆོས་བྱེད་དགོས་ཞེས་ཤོད་ཀྱི་མེད། ལྷག་པར་ངོས་ཀྱིས་ཁོང་ཚོར་སོ་སོའི་ཕ་མེས་ཀྱི་ཆོས་བྱེད་དགོས་པ་བརྗོད་ཀྱི་ཡོད། མི་རྣམས་དྲང་བདེན་དང་སྙིང་རྗེ་ལྡན་པ་ཞིག་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ནས་ཚོགས་བཅར་བ་ལྷན་དུ་སྐུ་པར་སྐྱོན་གནང་མཛད་རྗེས་མགོན་པོ་གང་ཉིད་མགྲོན་ཁང་དུ་ཆིབས་སྒྱུར་གནང་། ཉིན་རྒྱབ་གསར་འགོད་པ་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག །དེ་བཞིན་ཡུ་རོབ་བོད་ཀྱི་ནང་ཆོས་ཚོགས་འདུའི་ཚོགས་བཅར་བ་རྣམས་ཉིན་རྒྱབ་རུ་ཁག་བཞི་རུ་བགོས་ནས་གྲོས་གླེང་གནང་པ་དང་ རུ་ཁག་གི་གཙོ་འཛིན་རྣམས་པས་མཇུག་སྡོམས་གསུང་བཤད་གནང་བ་བཅས་ཀྱི་བོད་ཀྱི་ནང་ཆོས་ཚོགས་འདུ་ཐེངས་གཉིས་པ་དེ་ལེགས་བསྒྲུབས་བྱུང་ཡོད། ཚོགས་ཁང་བསྟན་བློ།
འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།