ཡུ་རོབ་དང་ཨཕི་རི་ཀའི་སྤྱི་འཐུས་ཀྱི་འོས་མིའི་བགྲོ་གླེང།

༄༅།   ༢༠༡༦  ཟླ་  ༡  ཚེས་  ༩  རེས་གཟའ་སྤེན་པའི་ཉིན་ར་སྤར་སེ་ཝིལ་ཡོ་ནའི་མགྲོན་ཁང་ ( Hotel Kreuz )  ནང་དུ་ཕྱེད་ཡོལ་ཕྱག་ཚོད་   ༡།༠༠   པོའི་ཐོག་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་གཤམ་གསལ་མཚན་འཁོད་ལྟར་ཡུ་རོབ་དང་ཨཕི་རི་ཀའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་མི་རྣམ་པར་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་གོ་སྒྲིག་བསྐྱངས་འདུག    དེ་སྐབས་ས་གནས་མི་མང་  ༡༠༠  བརྒལ་བ་མཉམ་ཞུགས་གནང་ཐུབ།   སྐབས་  ༡༥  པའི་ལས་ཐོག་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགསདང།   ལས་ཐོག་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས།   སུད་སིར་གནས་བཞུགས་ཟམ་མདོ་བྱམས་པ་ཚེ་རིང་ལགས།   ཕྷི་རན་སིར་གནས་བཞུགས་རྒྱལ་རོང་ཐུབ་བསྟན་རྒྱ་མཚོ་ལགས།   སུད་སིར་གནས་བཞུགས་གདུགས་ཙ་ཚང་བསྟན་འཛིན་འོད་ཟེར་ལགས།   ཕྷི་རན་སིར་གནས་བཞུགས་བསྟན་འཛིན་ ༥༩  ལགས་བཅས་མཉམ་ཞུགས་གནང་ཡོད་འདུག 

དེ་ཡང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་ཆབས་ཅིག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གུས་འདུད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས།    དེ་རྗེས་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ་བ་སྦྲགས་དེ་ཉིན་གྱི་ལས་རིམ་ངོ་སྤྲོད་གནང།   མུ་མཐུད་གསུང་དོན་ད་རེས་ཀྱི་ལས་འཆར་འདི་བཞིན་དབུས་འོས་བསྡུ་ལྷན་ཁང་ནས་སྔོན་འགྲོའི་འོས་ཐོབ་རྩེ་ཐོག་མི་གྲངས་  ༨  མིང་འདོན་གསལ་བསྒྲགས་བསྐྱངས་པ་གཞིར་བཟུང་ས་གནས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་མཆོག་ལ་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ན་ཁྲིམས་སྒྲིག་དང་འགལ་མིན་བཀའ་འདྲི་ཞུས་པ་དེ་ལྟར་གནང་འཐུས་ཆོག་པའི་བཀའ་ཁྲོལ་ཐོབ་ཡོད།   འོས་མི་མི་གྲངས་བརྒྱད་ནས་  གང་གཞོན་ཚང་བློ་བཟང་ལགས་ད་རེས་སྤྱི་འཐུས་ཀྱི་འོས་གཞིར་ཕེབས་མཁན་མང་དག་ཅིག་ཡོད་པ་སོང་ཁོང་འོས་གཞིར་བཞུགས་རྒྱུ་ཕྱིར་འཐེན་གནང་པ་མ་ཟད་མ་འོངས་པར་སྤྱི་བའི་ལས་དོན་ལ་སྐབས་བསྟུན་ཞབས་སྤྱི་ཞུ་རྒྱུ་ལྷག་བསམ་བརྟན་པོ་ཡོད་བཅས་ཀྱང་གསུང་གནང་འདུག   ཡང་ནོར་ཝའི་ལ་གནས་བཞུགས་རྣམ་རྒྱལ་མཚོ་མོ་ལགས་ལ་འབྲེལ་བ་ལན་མང་ཞུས་ཀྱང་འབྲེལ་མཐུད་ཐུབ་མ་སོང་གསུངས།

བོད་མིའི་སྐབས་  ༢  པའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་ཐོབ་ཨང་གཉིས་པ་ལས་ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་འདི་ཟླའི་ཚེས་  ༣༡  རེས་གཟའ་སྤེན་པའི་ཉིན་སུད་སིར་ཕེབས་གཏན་འཁེལ་བ་ནི་དཔའ་བོ་ཐུབ་བསྟན་ལགས་ནས་འགན་འཁུར་ཐོག་ས་གནས་སུ་གནས་སྡོད་སྒེར་པ་ཁག་ཅིག་མཉམ་རུབ་ཀྱིས་གདན་ཞུ་གནང་པ་ཞིག་རེད་འདུག   དེ་ཡང་ས་གནས་མི་མང་གི་མཚན་ཐོག་ནས་གོ་སྒྲིག་ཞུས་ན་ཚུལ་མཐུན་ཡིན་པ་འབོད་བསྐུལ་གནང་སོང་བ་དེ་ལྟར་ངོས་ལེན་ཞུས་པ་ཡིན།   དེ་བཞིན་ཟླ་བ་  ༢  པའི་ནང་༸དཔལ་ལྡན་སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་མཆོག་ཀྱང་སུད་སིར་ཕེབས་འཆར་ཡོད་བཟོ་འདུག་ན་དེ་སྐབས་ཀྱང་ལས་རིམ་ས་གནས་མི་མང་གི་མཚན་ཐོག་ནས་གཅིག་མཚུངས་ཞུ་རྒྱུ་ཡིན་ན་ཚང་མས་དགོངས་འཇགས་ཡོང་བ་བཅས་གསུངས།

དེ་ནས་འོས་མི་བཞེངས་མཁན་རྣམ་པས་སོ་སོའི་ལོ་རྒྱུས་སྙིང་བསྡུས་རེ་ངོ་སྤྲོད་གནང་མཚམས་འོས་མི་རེར་མི་མང་གི་གཞུང་འབྲེལ་དྲི་བ་རེ་ཕུལ་བར་སོ་སོས་ལན་འདེབས་གསལ་བཤད་གནང།

ཕྱག་ཚོ་  ༢།༤༠  གསོལ་ཇའི་བར་སེང་སྐར་མ་  ༠།༣༠  གནང།    དེ་རྗེས་བསྐྱར་འཛོམས་ཀྱིས་མང་ཚོགས་ནས་དྲི་བ་ཕུལ་བ་བཞིན་ལས་ཐོག་སྤྱི་འཐུས་རྣམ་གཉིས་ནས་འདས་པའི་དུས་ཡུན་ནང་སོ་སོའི་ལྷག་བསམ་རྣམ་དག་གིས་ཕྱག་ལས་གང་གནང་པ་ཁག་རག་བསྡུས་གསལ་བཤད་དང།   མ་འོངས་པར་གལ་ཏེ་སྤྱི་འཐུས་ཀྱི་འོས་འཕེན་རྒྱལ་ཁ་ཐོབ་ཚེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་ད་ལྟའི་བོད་ཀྱི་གནས་བབ་དང་བསྟུན་སོ་སོས་གང་འཇོན་སྤྱི་བའི་ལས་དོན་ལ་འབད་བརྩོན་ཞུ་རྒྱུ་དམ་བཅའ་བརྟན་པོ་ཡོད་གསུངས།   དེ་བཞིན་སྤྱི་འཐུས་འོས་མི་གཞན་རྣམས་ནས་ཀྱང་འདས་པའི་དུས་ཡུན་ནང་རང་རེའི་སྤྱི་ཚོགས་ནང་སྤྱི་བའི་ལས་དོན་རྣམ་གྲངས་གང་གི་ནང་ཕྱག་ལས་གནང་ཡོད་མེད་དང་ཉམས་མྱོང་ཇི་ཡོད་སོགས་གསལ་བཤད་སྙིང་བསྡུས་གསུངས་པ་དང་སྦྲགས་གལ་ཏེ་སྐབས་  ༡༦  པའི་ཡུ་རོབ་དང་ཨཕི་རི་ཀའི་ཕྱོགས་བཞུགས་སྤྱི་འཐུས་ཀྱི་འོས་འཕེན་རྒྱལ་ཁ་ཐོབ་ན་གཙོ་བོ་བོད་སྤྱི་བའི་མི་ཞིག་ཆགས་ཡོད་སྟབས་སྤྱི་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ལའང་སོ་སོས་ཉམས་མྱོང་དང།  ཤེས་ཚད་བཅས་ཀྱི་ནུས་པ་གང་ཡོང་ལྷག་བསམ་རྣམ་དག་དང་དྲང་བདེན་གྱི་ལམ་ནས་འབད་བརྩོན་ཞུ་རྒྱུ་དམ་བཅའ་བརྟན་པོ་ཡོད་གསུངས། ༼ ད་རེས་མང་ཚོགས་ནས་དྲི་བ་ཕུལ་བའི་དོན་གནད་དང།  སྤྱི་འཐུས་འོས་མི་རེ་རེའི་ལན་འདེབས་དོན་གནད།  དྲི་བ་འབུལ་མཁན་རྣམ་པའི་མཚན་གཞུང་བཅས་འདིར་འགོད་རྒྱུར་ཡིག་རྫོབ་ཆེ་བས་འབྲི་འགོད་ཞུས་མེད་༽  མདོ་དོན་དེ་ཉིན་མང་ཚོགས་ནས་དྲི་བ་འབུལ་་མཁན་མི་གྲངས་   ༡༢  དང།འབོད་བསྐུལ་ཞུ་མཁན་མི་གྲངས་  ༢  བཅས་བསྡོམས་མི་གྲངས་  ༡༤  བྱུང་སོང།    མཐར་དགོང་དྲོ་ཕྱག་ཚོད་  ༥།༠༠  བའི་ཐོག་མི་མང་ཚོགས་གཙོ་མཆོག་ནས་ལས་རིམ་མཇུག་བསྡུ་གསང་བཤད་གནང་དང་ཆབས་ཅིག་སྤྱི་འཐུས་འོས་མི་མཉམ་ཞུགས་གནང་རྣམས་ལ་འཚམས་འདྲིའི་མཇལ་དར་དང་གཏོང་མིན་ཕྱག་རྟགས་རེ་ཕུལ་བ་བཅས་ཀྱི་སྙན་ཐོ་སྙིང་བསྡུ་སུ།    གསར་འགོད་པ།  བསམ་པ་དོན་གྲུབ།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།