ཡབ་མེས་ཚོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༤ཉིན། ཕྱི་ཚེས་༢ཉིན། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨར་ཝེན་ཁ་ཊ་རཱ་མན་དམ་པ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་དྲན་ཐོག ༧གོང་ས་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་གི་སྲོལ་རྒྱུན་བཟང་པོ་འཚེ་བ་མེད་པའི་ལྟ་སྤྱོད་སོགས་རྒྱུན་འཛིན་དང་འཛམ་གླིང་ཡོངས་སུ་དར་སྤེལ་གཏོང་དགོས་པའི་ཐུགས་སྐུལ་གནང་འདུག
ཐེངས་འདིའི་དུས་དྲན་མཛད་སྒོའི་ཐོག་མི་སྣ་༤༠༠ལྷག་འདུས་སྟེ་༼རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་འཚེ་བ་མེད་པ་དང་བསམ་བློའི་རིན་ཐང་༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང༌།

སྐབས་དེར་༧གོང་ས་མཆོག་གིས་རྒྱ་གར་གྱི་མང་གཙོའི་སྐོར་ལ་གསུང་བཤད་གནང་དོན། རྒྱ་གར་ནང་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་དར་ཁྱབ་ཏུ་སོང་ཡོད་ལ། མི་རབས་གསར་པ་ཚོས་ངེས་པར་དུ་སོ་སོའི་མི་རིགས་ཀྱི་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་ཕུན་སུམ་ཚོགས་པ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང༌། ལོ་ངོ་བརྒྱ་ཕྲག་གི་གོང་ནས་རྒྱ་གར་ནང་ནང་པ་དང་ཁ་ཆེའི་ཆོས་ལུགས་པ། ཇེའུ་སོགས་ལྟ་གྲུབ་སྣ་ཚོགས་འཛིན་མཁན་གྱི་ཆོས་ལུགས་མང་པོ་བྱུང་ཞིང་དར་ཁྱབ་ཏུ་སོང་ཡོད་པ་དེ་རྒྱ་གར་གྱི་སྟོབས་ཤུགས་ཡང་དག་པ་དེ་རེད་ཅེས་བསྔགས་བརྗོད་གནང་འདུག

ཡང་ཁོང་གིས། དེང་སྐབས་རྒྱ་གར་གྱི་གཞོན་སྐྱེས་མང་པོས་དེང་རབས་ཚན་རྩལ་གྱི་ཕྱོགས་ལ་སྤྲོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་ཚོས་སོ་སོའི་རྒྱལ་ཁབ་དར་རྒྱས་སུ་གཏོང་དགོས་པ་མ་ཟད། རིན་ཐང་བྲལ་བའི་སྲོལ་རྒྱུན་གྱི་རིག་གནས་ཡང་རྒྱུན་འཛིན་བྱེད་དགོས་པ་དང༌། སྤྱི་ཚོགས་ཀྱི་འདྲ་མཉམ་མ་ཡིན་པའི་གནས་སྟངས་དཔེར་ན། རིགས་ཀྱི་དབྱེ་འབྱེད་དང་གཉེན་སྒྲིག་གི་ལམ་ལུགས་སོགས་ཀྱི་ཐད་ལ་དོ་སྣང་ཆེན་པོ་སྤྲོད་དགོས་ཀྱི་འདུག དེ་བཞིན་རྒྱ་གར་གྱི་སྤྱི་ཚོགས་སུ་རྒྱུན་དུ་འབྱུང་བཞིན་པའི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་ཐོག་གོམ་གང་མདུན་སྤོས་ཀྱིས་བགྲོ་གླེང་གནང་དགོས་ཀྱི་འདུག་ཅེས་དང༌།

ཕྱི་དཔལ་འབྱོར་གྱི་ཐོག་ནས་རྒྱ་གར་ད་དུང་རྒྱ་ནག་གི་རྗེས་སུ་ལུས་ཡོད་ནའང༌། རྒྱ་གར་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་དང་རང་དབང་མང་གཙོའི་རིན་ཐང་དེ་འཛམ་གླིང་གི་རྩེ་གྲས་སུ་སླེབས་ཡོད་པ་དང༌། དེ་སྔོན་སྲིད་འཛིན་དམ་པ་ཨར་ཝེན་ཁ་ཊ་རཱ་མན་ལགས་ནས་རྒྱ་གར་གྱིས་ཕན་འབྲས་ལྡན་པའི་ཐོག་ནས་མང་གཙོ་ལག་ལེན་བྱས་ཡོད་པ་ལོ་ངོ་སྟོང་གི་སྲོལ་རྒྱུན་གྱིས་བདེན་དཔང་བྱེད་ཐུབ་ངེས་ཅེས་གསུངས་ཡོད་པ་ལྟར། ཡབ་མེས་ཚོའི་བཀའ་དྲིན་ལས་བྱུང་བའི་སྲོལ་རྒྱུན་བཟང་པོ་དེ་འཚེ་བ་མེད་པའི་ལྟ་སྤྱོད་སོགས་འཛམ་གླིང་ཡོངས་སུ་སྤེལ་ཐུབ་པར་འབད་བརྩོན་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་འདུག གཟུགས་བརྙན་ཐོག་འདིར་གཟིགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སམས་རགས།