ཟློས་གར་སྒྲིག་འཛུགས་མི་ལོ་༥༠འཁོར་བའི་དུས་དྲན།

༄༅།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་དབྱུག་ཟླའི་ཚེས་༡༣ཕྱི་ལོ་༢༠༡༦ཟླ་༡༡ཚེས་༡༢རེས་གཟའ་སྤེན་པའི་ཉིན་ཛུས་རིག་ཉེ་འདབས་གྲོང་ཁྱེར་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སུད་སི་དང།ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཟློས་གར་སྒྲིག་འཛུགས་ཆགས་ནས་མི་ལོ་༥༠ཧྲིལ་པོ་འཁོར་བའི་དུས་དྲན་ཞིག་ཟློས་གར་སྒྲིག་འཛུགས་ཀྱི་མགོ་ལས་རྣམ་པ་དང་ཚོགས་མི་རྣམ་པ་ཐུན་མོང་གིས་གོ་སྒྲིག་གཟབ་རྒྱས་སྲུང་བརྩི་ཞུས་པ་རེད།དེ་ཉིན་ཕྱེད་ཡོལ་ཕྱག་ཚོད་༡༣།༣༠ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་དབུས་སྐྱབས་ཡུལ་དགེ་འདུན་རྣམ་པ།སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས།   སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས།   

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་སྐུ་མགྲོན་རྣམ་པས་དབུས་ས་གནས་བོད་རིགས་མི་མང་རྒན་གཞོན་༦༠༠བརྒལ་བ་འདུ་འཛོམས་ཀྱིས་སྐུ་མགྲོན་རྣམ་པས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་རོལ་དབྱངས་དང་བཅས་སྒྲ་སྙན་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་སྐུ་མགྲོན་དང་མཛད་གཙོ་རྣམ་པས་༸སྐུ་དཔར་རིན་པོ་ཆེ་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་རྟེན་འབྱུང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས།མི་མང་ཟློས་གར་ནས་སྣེ་ཁྲིད་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བསྟུན་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་གནང།

མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ཞུ་མུས་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།དེ་ནས་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་གཟིགས་འབུལ་ཞུས།མི་མང་ཚོགས་གཙོ་སྙིང་བུ་བསྟན་འཛིན་ལགས་དང།   ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་ངོར་ཁང་གསར་བཀྲ་ཤིས་ལགས།   འགན་འཛིན་གཞོན་པ་འོག་པ་བྱང་ཆུབ་ལགས་བཅས་ནས་སྤྱིར་བོད་པའི་རིགས་གཞུང་གལ་ཆེ་ཡིན་སྐོར་དང་ལྷག་དོན་མི་མང་གི་ཟློས་གར་ནི་ས་གནས་མི་མང་གི་སྡེ་མཚན་རྙིང་ཤོས་ཤིག་ཡིན་པ་མ་ཟད་མི་ལོ་ ༠བར་འཛིན་སྐྱོང་ཐུབ་པ་ནི་ཟློས་གར་མགོ་ལས་དང་ཚོགས་མི་རྣམ་པས་སྐུ་ལས་སྐྱོན་པའི་ཐོག་འབྲེལ་ཡོད་ཕ་མ་དང་ནང་མི།  དེ་བཞིན་ས་གནས་མི་མང་ནས་རྒྱབ་སྐྱོར་བཤུགས་ཆེ་གནང་བས་སྐུ་དྲིན་ཁོ་ནའི་འབྲས་བུ་ཡིན་པ་ཚང་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང།དེ་ནས་རྟེན་འབྲེལ་མཚོན་ཆེད་གཟིགས་མོ་ལེའུ་དང་པོ་དེ་ལྷ་མོ་པདྨ་འོད་འབར་དང།   མི་མང་ཡོངས་ནས་སྒོར་གཞས་སྐྱོན་མཚམས་ཟློས་གར་ཚོགས་མི་ནས་གཡག་རྩེད་ཀྱི་འཁྲབ་སྟོན་གཟིགས་འབུལ་དང་མི་མང་གི་ཟློས་གར་གྱི་ཚོགས་མི་རྒན་པ་ཟུར་པ་ཁག་ཅིག་ནས་འཁྲབ་སྟོན་འདྲ་མིན་གཟིགས་འབུལ་ཞུས།ཕྱག་ཚོད་  ༦།༣༠  ཐོག་དགོང་དྲོའི་གསོལ་ཚིགས་བར་སེང་གྲུབ་བསྟུན་འཁྲབ་སྟོན་གཅིག་མཇུག་གཉིས་མཐུད་ཀྱི་གཟིགས་འབུལ་ཞུས་རྗེས་འཁྲབ་སྟོན་གནང་མཁན་ཚོགས་མི་ཟུར་པ་རྣམས་དང།   དམིགས་བསལ་ཟློས་གར་སྡེ་ཚན་ལ་མཐུན་འགྱུར་གནང་མཁན་དང།   དེ་ཉིན་གསོལ་ཐབ་ནང་མ་བྱན་ཆེན་མོ་དང་དམིགས་བསལ་ཕྱག་རོགས་གནང་མཁན་སོགས་ལ་ཟློས་འགན་འཛིན་འོག་པ་བྱང་ཆུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང།

ཕྱག་ཚོད་  ༩།༣༠  ཐོག་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་འགོ་ཁྲིད་པས་སྒོར་གཞས་སྐྱོན་སྐབས་མི་མང་རྣམས་དགའ་སྐྱིད་སྤྲོ་བའི་རྣམ་འགྱུར་དང་ལྷག་དོན་གསོལ་ཚིགས་སྣེ་འཛོམས་སོགས་དུས་དྲན་གོ་སྒྲིག་ལེགས་པར་བྱུང་འདུག་པས་མཐར་མཚན་གྱི་ཕྱག་ཚོད་  ༡༡།༣༠ཐོག་མཇུག་སྒྲིལ་བས་གསར་འགྱུར་སྙིང་བསྡུས་སུ།     གསར་འགོད་པ།    བསམ་པ་དོན་གྲུབ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སམས་རགས།