ཟླ་འདིའི་ཚེས་༢༣་ཉིན་སུད་སིའི་བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལས་འགུལ།

གཞོན་སྐྱེས་ཚོས་རང་ཉིད་བོད་པ་ཞིག་ཡིན་པས་འགན་བླངས་པའི་ཐོག་ལས་འགུལ་གང་མང་ནང་དུ་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་དེར་ཧ་ལས་པའི་དགའ་དགོས་པ་ཞིག་རེད་ཟེར།

ཟླ་འདིའི་ཚེས་༢༣་ཉིན་སུད་སིའི་བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལས་འགུལ་ཞིག་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་མི་གྲངས་༤༠༠ ལྷག་ལྷན་འཛོམས་ཀྱིས་ཐོག་དབུ་འཛུགས་གནང་སོང་།

ལས་འགུལ་འདི་ནི་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཞེས་པའི་བརྗོད་གཞིའི་འོག་རི་ཀོན་ས་གནས་སློབ་གྲྭའི་ཚོགས་ཁང་དུ་ཉིན་གོང་ཆུ་ཚོད་༢ ཐོག་རི་ཀོན་མཁན་རིན་པོ་ཆེའི་གཙོས་བོད་རིགས་༤༠༠ ་ཡར་མར་ཞིག་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུའི་དབྱངས་རྟ་དང་བཅས་དབུ་འཛུགས་གནང་སོང་། ལས་འགུལ་དབུ་འཛུགས་གནང་རྗེས་རི་ཀོན་དགོན་གྱི་དགེ་མདུན་པ་གཙོས་མི་མང་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞལ་པར་བརྟན་པ་དང་བོད་དུ་རྒྱལ་གཅེས་དཔའ་བོ་བརྒྱ་ལས་བརྒལ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པས་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཆུ་ཚོད་གཅིག་ཙམ་གི་རིང་ལ་གནང་སོང་།

རི་ཀོན་དགོན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་མཉམ་ཞུགས་ཀྱིས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་པ་དང་མི་མང་པར་དུ་མ་འོངས་བོད་ཀྱི་བདེན་མཐའ་སེལ་བའི་ཐབས་ལམ་གྱི་ཕྱོགས་སུ་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ཆུ་ཚོད་གཅིག་གི་རིང་ལ་གནང་སོང་ལ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་མཆོད་མེར་ཕུལ་མཁན་རྣམས་ཀྱི་ལོ་རྒྱུས་དང་འདྲ་པར། བརྙན་ཐུང་སོགས་གཟིགས་འབུལ་ངོ་སྤྲོད་ཞུས་སོང་།

སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་གསུངས་བཤད་གནང་དོན། ༼ང་རང་གང་དུ་ཕྱིན་པ་ཡིན་ན་ཡང་གཞོན་སྐྱེས་ཚོས་རང་ཉིད་བོད་པ་ཞིག་ཡིན་པས་འགན་བླངས་པའི་ཐོག་ལས་འགུལ་གང་མང་ནང་དུ་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་དེར་ཧ་ལས་པའི་དགའ་དགོས་པ་ཞིག་རེད་ཟེར།  དེ་ནི་མི་ཐོག་རྒན་པོས་ཐུགས་འཁུར་འོག་བྱུང་བ་ཤ་སྟག་རེད། རིག་གཞུང་སྲུང་སྐྱོབ་དང་གཞན་ཕྱོགས་གང་ནས་ཡིན་ན་ཡང་སུད་སི་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོར་དཔེ་བལྟ་ས་ཆགས་བསྡད་ཡོད་པ་རེད། དེར་འདི་ཡོད་པའི་བོད་མི་རྣམས་ཀྱིས་མུ་མཐུད་དུ་སེམས་ཤུགས་མི་ཆགས་པར་གནང་རོགས་ཞུ་རྒྱུ་ཡིན།༽ ཁོང་མོས་མུ་མཐུད་དུ་གསུངས་དོན། ༼སུད་སི་ནི་ང་རང་གི་ངོས་ནས་གལ་ཆེན་ཞིག་དང་མ་འདྲ་བ་ཞིག་མཐོང་གི་ཡོད། རྒྱུ་མཚན་སུད་སི་ནི་བོད་སྐྱབས་བཅོལ་དུ་འབྱོར་ནས་ཕྱི་རྒྱལ་དུ་གཞི་ཆགས་ཐོག་མའི་གྲས་ཡིན་ལ། ད་ལྟའི་བར་དུ་བོད་མིའི་སྒྲིག་འཛུགས་འདིར་དཔལ་འབྱོར་གཙོས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་ཡོད་པ་གཙོ་གྲས་ཀྱང་རེད། ང་རང་གི་ངོས་ནས་ཁྱོད་རང་ཚོས་མུ་མཐུད་ནས་གནང་བའི་རེ་བ་ཡང་ཡང་ཞུ་གི་ཡོད། ༽

བགྲོ་གླེང་དང་བཀའ་སློབ་ཡོངས་སུ་གྲོལ་རྗེས་བོད་ཀྱི་སྲོལ་རྒྱུན་དང་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གཞས་སྣ་ཁག་ཅིག་དེར་འདུས་ཀྱི་མང་ཚོགས་ལ་ཐུགས་སེམས་གསོ་བར་གཟིགས་འབུལ་བྱས་སོང་།

ལས་འགུལ་དེའི་ངོ་བོ་གཙོ་བོ་ནི་བོད་ནང་གི་བོད་མིའི་རང་བསྲེགས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་བོ་མཚོན་ཆེད་དང་། སུད་སིར་གནས་སྡོད་བོད་མིའི་མཐུན་ལམ་ཡར་རྒྱས། བོད་མིའི་མ་འོངས་པའི་ལས་འགུལ་གྱི་ངོ་བོ་ཡར་རྒྱས་དང་ནུས་ཤུགས་འདོན་ཐུབ་རྒྱུ་སོགས་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སྡོམས་རོགས།