ཞིས་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ།

དེ་རིང་ཕྱི་ཚེས་༡༥ ཉིན་གྱི་ཆུ་ཚོད་༡༠ ཐོག་ནས་ཆུ་ཚོད་༡༢ བར་སུད་སི་ས་གནས་སྦརན་གྱི་Waisenhausplatz ནང་ སུད་སི་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག རྒྱ་ནག་གི་སྲིད་འཛིན་ཞེས་ཅིན་ཕིང་སུད་སི་སླེབས་ཀྱིན་ཡོད་པ་དང་སྟབས་བསྟུན། བོད་དོན་རྒྱབ་སྐྱོར་པ་དང་སུད་སི་གནས་སྡོད་བོད་མི་ལྔ་བརྒྱ་ལྷག་གིས་ཞི་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

གོང་ཚེས་ཉིན་རྒྱ་ནག་གི་སྲིད་འཛིན་ཞེས་ཅིན་ཕིང་སུད་སི་ས་གནས་སྦརན་ནང་སླེབས་ཀྱིན་ཡོད་པ་དང་སྟབས་བསྟུན། སུད་སི་ལྗང་གུ་ཚོགས་པའི་ཚོགས་གཙོ་ལྕམ་རེ་གྷོ་ལ་རེ་ཙི། Frau Regula Rytz ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས།  སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ལྔ་བརྒྱ་ལྷག་འདུ་འཛོམས་ཐོག་ཞིས་ཅིན་ཕིང་ལ་ཞི་རྒོལ་རྔམ་སྟོན་སྐད་འབོད་དང་གཏམ་བཤད་སོགས་གནང་སོང་།

སུད་སི་ལིག་ཏེན་སི་ཊཡན་བོད་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་སྤེལ་བའི་ནང་། དེ་རིང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིང་ཕིང་སུད་སི་གཞུང་འཛིན་ལས་ཁུངས་སུ་སླེབས་གྱི་ཡོད་རེད། དེ་བས་ང་ཚོས་ཟླ་བ་ཁ་ཤས་སྔོན་ནས་སུད་སི་གཞུང་ལ་སྙན་ཞུ་ཕུལ་ཏེ་རྒྱ་ནག་གི་སྲིད་འཛིན་ཕེབས་ས་རང་ལ་སྐད་འབོད་ཆོག་མཆན་དགོས་པའི་རེ་འདུན་རབས་དང་རིམ་པ་ཕུལ་བ་ཡིན་ནའང་། ལྟ་ང་ཚོས་སྐད་འབོད་རྒྱག་ས་འདི་གཞུང་འཛིན་ལས་ཁག་དང་བར་ཐག་མེ་ཊར་༣༠༠ ལྷག་ཡོད་པའི་ས་ཁུལ་འདི་ནས་སྐད་འབོད་རྒྱག་དགོས་པའི་ཆོག་མཆན་མ་གཏོགས་རག་ཡོད་པ་མ་རེད། འོན་ཀྱང་ང་ཚོས་གསལ་བོ་ཤེས་དགོས་པ་ཤིག་ལ་རྒྱ་ནག་གི་སྲིད་འཛིན་ཕེབས་སའི་མདུན་རང་ལ་སྐད་འབོད་བྱེད་མ་ཐུབ་པ་ཡིན་ནའང་ ང་ཚོས་དགོས་འདུན་ཁག་རྒྱལ་སྤྱིའི་སྡིང་ཆ་ཐོག་ཁྱབ་བསྒྲགས་བྱ་དགོས་པ་དེ་ཤིན་ཏུ་ཆེན་པོ་ཡིན་ཙང་། དེ་རིང་འདིར་སྐད་འབོད་ལས་འགུལ་འདི་གོ་སྒྲིག་བྱས་པ་རེད་ལ། ཕྱི་ཚེས་༡༧ ཉིན་ལའང་དེ་བཞིན་སྐད་འབོད་ཀྱི་ལས་འགུལ་ཞིག་ཇི་ནེ་ཝར་སྤེལ་བའི་ཆོག་མཆན་རག་བསྡད་ཡོད་པ་རེད། ཅེས་དང་། འོན་ཀྱང་ཁག་ཅིག་གིས་གསུང་ཚུལ་ཡིན་ན། ད་རེ་རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་སྐབས་ང་ཚོས་སྐད་འབོད་མ་བྱས་ན་ཡག་ཚུལ་དང་། ང་ཚོས་འདི་ནས་སྐད་འབོད་བྱས་ན་བོད་ནང་གི་བོད་མི་ཚོར་སྡུག་པོ་གཏོང་གི་རེད་ཟེར་མཁན་ཕྱོགས་གཅིག་དང་། ཡང་ང་ཚོས་ངེས་པར་དུ་སྐད་འབོད་བྱེད་དགོས་གི་རེད། རྒྱ་ནག་གཞུང་ང་ཚོའི་དགྲ་བོ་རེད། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གིས་རྒྱ་ནག་གི་སྲིད་འཛིན་ཕེབས་ས་རང་ལ་སྐད་འབོད་རྒྱག་པའི་ཆོག་མཆན་མ་རག་པར་ས་གནས་ཐག་རིང་པོ་འདི་འདྲ་ཞིག་ལ་སྐད་འབོད་བྱེད་པའི་ཆོག་མཆན་ངེས་ལེན་གནང་བ་དེ་ཧ་ཅང་གི་བློ་ཕམ་པོ་རེད་ཟེར་མཁན་ཁ་ཤས་ཀྱང་བྱུང་ཡོད་པ་ལྟར། ངས་འདི་ནས་གསལ་བཤད་ཅིག་ཞུ་གི་ཡིན། དང་པོ་༡༩༥༩ ལོ་ནས་བོད་ནང་སྡུག་པོ་གཏོང་མཁན་རྒྱ་ནག་གཞུང་གི་སྲིད་འཛིན་འདི་ལ་སླེབས་པའི་སྐབས་ང་ཚོས་སྐད་འབོད་ངོ་རྒོལ་ཙམ་ཡང་བྱེད་མ་ཐུབ་པ་ཡིན་ན་རྒྱལ་སྤྱིའི་སྒང་ལ་ང་ཚོས་བརྡ་ལན་ཅི་ཞིག་སྤྲོད་ཐུབ་གི་རེད། རྒྱ་ནག་གཞུང་ལ་གདེང་ཚོད་ཅི་ཞིག་སླེབས་ཐུབ་གི་རེད། དེ་བས་བོད་པ་ཚང་མས་རྒྱ་གཞུང་གིས་བོད་ནང་སྡུག་པོ་གཏོང་གི་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་པའི་བརྡ་ལན་གསལ་བོ་ཞིག་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས་སྐད་འབོད་ལས་འགུལ་ངེས་པར་དུ་སྤེལ་དགོས་གི་རེད། ཡང་གཞན་ཞིག་ནས་རྒྱ་ནག་གི་སྲིད་འཛིན་ཕེབས་སའི་མདུན་རང་ལ་སྐད་འབོད་བྱེད་མ་ཐུབ་པ་ཡིན་ན་ཟུར་ནས་སྐད་འབོད་བྱས་པས་ཕན་ཐོག་ག་རེ་ཡོད་པ་རེད་ཟེར་མཁན་ཚོས་དགོངས་པ་བཞེས་དགོས་པ་དེ་ག་རེ་རེད་ཞུས་པ་ཡིན་ན། ང་ཚོའི་འཐབ་རྩོད་དེ་ཚོར་པ་ཤུགས་ཆེན་པོ་ཞིག་གིས་ཐོག་ནས་འཐབ་རྩོད་བྱེད་ཐུབ་པ་ཞིག་མ་རེད། གལ་སྲིད་ང་ཚོས་དེ་རིང་འདི་ནས་ཞིས་ཅིན་ཕིང་གི་ལག་མགོ་ནས་ཟིན་ཐུབ་པ་ཡིན་ནའང་བོད་ཀྱི་བདེན་མཐའ་སེལ་ཐུབ་ཀྱི་རེད་དམ། དེ་ཙམ་གྱི་ང་ཚོའི་དཀའ་ངལ་སེལ་ཐུབ་གི་མ་རེད། ང་ཚོའི་འཐབ་རྩོད་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་ཚུད་པའི་དཀའ་ངལ་ཞིག་ཡིན་སྟབས། ང་ཚོས་དུས་དང་སྐབས་ལ་བསྟུན་ནས་འགྲོ་དགོས་པ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་སོང་།
གཞན་ཉིན་འདིར་སུད་སིར་གནས་སྡོད་བོད་དོན་ལས་འགུལ་བ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་གཙང་སྤྱོད་ཤོག་གུའི་ཐོག་ལ་རྒྱ་ནག་གི་འཛིན་ཞིས་ཅིན་ཕིང་མིང་བྲིས་ཏེ་གཙང་སྤྱོད་ཤོག་གུའི་ལས་འགུལ་ཟེར་བའི་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་གྱིན་ཡོད་པ་དང་། གཙང་སྤྱོད་ཤོག་གུའི་ཐོག་ཞིས་ཅིང་ཕིང་གི་མིང་བྲིས་དེ་གང་སར་འཐེན་པ་དང་། ཤོག་གུའི་ཐོག་ཚོན་གཞི་དམར་པོ་བྱུགས་ཏེ་ཁྲག་གིས་སྦག་པ་ལྟ་བུ་བྱས་ཡོད་པ་དང་། ཤོག་གུའི་ཐོག་དེ་ལྟར་བྲིས་ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་དགོས་དོན་ནི། རྒྱ་ནག་གི་སྲིད་འཛིན་རིམ་པས་བོད་དོན་ནང་གི་གནས་སྟངས་ལ་བདག་སྤྲོད་བྱེད་ཐུབ་ཀྱིན་མེད་པ་དང་། བོད་ཀྱི་ད་ལྟའི་གནས་སྟངས་སྡུག་པོ་དག་ལ་བདག་པོ་རྒྱག་གི་མེད་པས། བོད་མི་ཚོས་ཞིས་ཅིན་ཕིང་ལ་རྩིས་ཐང་བརླག་བཞིན་ཡོད་པའི་རྣམ་པ་མཚོན་ཐབས་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སམས་རགས།