ཞི་བདེའི་གཟེངས་རྟགས་དུས་དྲན་ཐེངས་༢༧པ་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།

༄༅།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་ཟླའི་ཚེས་༤དང་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༠༣རེས་གཟའ་སྤེན་པའི་ཉིན་འཛུ་རིག་ཉེ་འདབས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་༢༧འཁོར་བའི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་རེད།

དེ་ཡང་གཞན་དབང་སྟབས་བསྟུན་དགོས་པ་བཅས་དུས་དྲན་སྔ་བསྣུར་གྱིས་གོང་ཚེས་ཉིན་ས་གནས་སུ་བོད་རིགས་མི་མང་༡༥༠༠བརྒལ་བ་དགའ་དད་སྤྲོ་གསུམ་གྱི་གཟབ་འཆོར་ངང་ཕྱེད་ཡོལ་ཕྱག་ཚོད་༡༢།༣༠ཐོག་ལྷན་འཛོམས་ཀྱིས་སྐུ་མགྲོན་གཙོ་བོ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ།ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སྤྱི་ཟུར་རྣམ་པ།ཤར་དབུས་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས།གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་བཅས་ཕྱི་ནང་སྐུ་མགྲོན་རྣམས་ནས་མགོན་པོ་མཆོག་གང་ཉིད་ཀྱི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་སྤོས་སྣེ་དང་ས་གནས་མི་མང་ཟློས་གར་ནས་རྔ་རོལ།ས་གནས་བོད་ཡིག་སློབ་ཕྲུག་རྣམས་ནས་ལག་ཏུ་མེ་ཏོག་བཅས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུ་དང་བཞུགས་ཁྲིར་མངའ་གསོལ་ཞུས་མཚམས་སྐུ་མགྲོན་དང་མཛད་གཙོ་རྣམ་པས་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་སྐུ་གསུམ་ཐུགས་རྟེན་འདེགས་འབུལ་དང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས།

མི་མང་ཟློས་གར་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་དཔའ་མོ་སྐུ་ལུས་མེ་མཆོད་ཕུལ་མཁན་གྲངས་༡༤༣བརྒལ་བ་རྣམས་ལ་རྗེས་དྲན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཆེད་སྐར་མ་གཅིག་ངག་བཅད་མྱ་ངན་ཞུས།མཁན་བླ་དགེ་འདུན་རྣམ་པའི་དབུ་བཞུགས་ཐོག་༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ཞུ་མུས་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་དང།དེ་བཞིན་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་དང།ས་གནས་སྟོད་པའི་སྐྱིད་སྡུག་ནས་རྒྱལ་གཞས་བཅས་འཁྲབ་སྟོན་ཞུས་རྗེས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་དང་།ཕྱི་ཟླ་༡༠པར་ཛུ་རིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་ཆིབས་སྒྱུར་བཀྲིན་ཆེ་སྐབས་འགན་ཡོད་མི་སྣ་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་མཇལ་དར་ཕྱག་རྟགས་སོགས་ཕུལ།གཞན་ཡང་མི་མང་གི་གསར་འཕྲིན་དྲ་རྒྱའི་སྡེ་མཚན་ནས་ཚོགས་མི་གྲངས་༥རྩ་དགོངས་ཞུས་པ་རྣམས་ལ་ལོ་མང་རིང་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་སྟོང་མིན་ཕྱག་རྟགས་བཅས་གསར་འཕྲིན་དྲ་རྒྱའི་འབྲེལ་མཐུད་འགན་འཛིན་གདུགས་ཙ་ཚང་འོད་ཟེར་ལགས་ནས་ཐུགས་རྗེ་ཆེ་ཞུས།དེ་ཡང་སློབ་སྟོན་པ་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རྡོར་ལགས།རྩོམ་སྒྲིག་སྤྱི་ཁྱབ་འགན་འཛིན་སྒོ་སྤེ་ཡོན་ཏན་རྒྱ་མཚོ་ལགས།རྩོམ་སྒྲིག་འགན་འཛིན་གཞོན་པ་བསམ་པ་དོན་གྲུབ་ལགས།དྲ་རྒྱའི་འགན་འཛིན་ཙར་མ་བསྟན་འཛིན་ལགས།འཇར་མན་རྩོམ་སྒྲིག་པ་གསང་གླིང་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན།རྩོམ་སྒྲིག་སྤྱི་ཁྱབ་འགན་འཛིན་སྒོ་སྤེ་ཡོན་ཏན་ལགས་ནས་འབྲེལ་ཡོད་ཚང་མས་རང་ནུས་གང་ཡོད་ལྷག་བསམ་རྣམ་དག་ཞུས་ཡོད་པ་དང་ལྷག་པར་སྐབས་༡༣པའི་འཐུས་ཚོགས་ནས་དྲ་རྒྱ་བདག་སྐྱོང་གནང་རྒྱུ་དང་བོད་ཡིག་གསར་འཕྲིན་ཟུར་འཛུགས་གནང་འདུན་ཡོད་སྐོར་མང་མོས་འོས་བསྡུ་གནང་སྐབས་ཚོགས་ཆུང་༡༤ནས་ད་མུས་མཉམ་དུ་བདག་སྐྱོང་དགོས་པ་དང་།ཚོགས་ཆུང་༧ནས་འཐུས་ཚོགས་ཀྱི་དགོངས་འདུན་ལྟར་གནང་རྒྱུ།ཚོགས་ཆུང་གཅིག་བར་ཞུགས་གནང་བ་བཅས་ཚོགས་ཆུང་༡༤ནས་མང་མོས་རྒྱབ་སྐྱོར་གནང་དོན་བཞིན་གསར་འཕྲིན་དྲ་རྒྱ་འཛིན་སྐྱོང་མཉམ་དུ་གནང་བཞིན་པ་ལྟར་ད་ཕན་ཉིན་ཤས་སྔ་གདིང་ཙམ་ལས་ཟླ་གསུམ་རེར་བོད་ཡིག་གསར་འཕྲིན་ཆད་མེད་འདོན་འགྲེམས་ཞུས་པ་སོགས་མང་ཚོགས་ལ་སྙན་སེང་ཞུས་སོང་།

ཕྱག་ཚོད་༡༥།༡༠ས་གནས་རི་ཀོན།ཧོར་གྷན།ར་སྤར་སེ་ཝིལ་ཡོ་ན།ཨར་གྷའོ་བཅས་པའི་མི་མང་ཚོགས་ཆུང་ཁག་ཅིག་གི་བོད་སློབ་ཆེ་ཆུང་ཁག་ནས་གཞས་སྣ་འཁྲབ་སྟོན་ཞུས།སུད་སི་དང་།ལིག་ཏེན་སིཊཡན་བོད་རིགས་མི་མང་ཟློས་གར་ནས་འཁྲབ་སྟོན་ལེའུ་གཉིས་གཟིགས་འབུལ་ཞུས།

དེ་རྗེས་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཞོན་ངོར་ཁང་གསར་ལྷ་དབང་ལགས།རི་ཀོན་ཆོས་འཁོར་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས།དེ་བཞིན་དབུས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས།ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་བཅས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་གསུང་བཤད་གནང་།

ཕྱག་ཚོད་༡༧།༤༥ཐོག་དགོང་དྲོའི་ཞལ་ལག་བར་གསེང་སྐབས་སུའང་བོད་རིགས་མི་མང་ས་གནས་ཚོགས་ཆུང་གྷེ་ལ་རུ་སེ།

ཝེ་དན་སེ་ཝིལ།འཛུ་རིགལུ་རྫན་བཅས་ནས་གཞས་སྣ་རེ་གཟིགས་འབུལ་ཞུས།དེ་རྗེས་རིམ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་ཞབས་གཞས་ལེའུ་རེ་གཟིགས་འབུལ་ཞུས།བྷིང་གྷོ་རྒྱན་རྩེད་གནང་རྗེས་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་འགོ་འཁྲིད་དེ་མང་ཚོགས་ནས་དགའ་སྐྱིད་སྤྲོ་སྣང་ཆེན་པོའི་ངང་སྒོར་གཞས་འཁྲབ་ནས་མཐར་དེ་ཉིན་གྱི་དུས་དྲན་མཚན་ཕྱག་ཚོད་༢༣།༠༠ཙམ་ལ་བཀྲ་ཤིས་ལེགས་འགྲིགས་ངང་སྒྲོལ་བ་བཅས་ཀྱི་གནས་བསྡུས་སུ།གསར་འགོད་པ།བསམ་པ་དོན་གྲུབ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།