ཛུ་རིག་ཚོགས་ཆུང་གི་ལོ་སར་མཛད་སྒོ་དང་ནང་ཆོས་ངོ་སྤྲོད།

ཛུ་རིག་ཚོགས་ཆུང་གི་ལོ་སར་མཛད་སྒོ་དང་ནང་ཆོས་ངོ་སྤྲོད། ༢༠༡༧ ཟླ་ ༣ ཚེས་༤ ཉིན་སུད་སི་ས་གནས་ཛུ་རིག་ཚོགས་ཆུང་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་སྲུང་བརྩི་དང་སྟབས་བསྟུན། ཚོགས་ཆུང་གི་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག

གོང་ཚེས་ཉིན་ས་གནས་ཛུ་རིག་ཚོགས་ཆུང་གིས་ལོ་སར་སྲུང་བརྩི་དང་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་འདིར་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་། ཡུ་རོབ་སྤྱི་ཟུར་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། སུད་སི་དང་ལེག་ཏན་སིཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་བོ་བཅས་ཀྱིས་གཙོས་ས་གནས་མི་མང་རྣམས་མཉམ་ཞུགས་གནང་ཡོད་འདུག ས་གནས་ཛུ་རིག་ཚོགས་ཆུང་གི་འཐུས་མི་ཀླུ་རྒྱལ་དོན་གྲུབ་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་བའི་ནང་། ཛུ་རིག་ཚོགས་ཆུང་ནི་སུད་སི་ས་གནས་ཚོགས་ཆུང་མང་པོ་ཞིག་གི་ནང་ནས་ཚོགས་ཆུང་ཆེ་ཤོས་ཤིག་ཡིན་པ་དང་། ཚོགས་ཆུང་གི་ཚོགས་མིའི་ཐོ་གཞུང་ལ་བལྟས་པ་ཡིན་ན་བོད་མི་གཅིག་སྟོང་ལྷག་ཅིག་འདུག འོན་ཀྱང་དཔྱ་ཁྲལ་ལག་དེབ་སྤྲོད་མཁན་དེ་ཙམ་ཡོང་གི་ཡོད་པ་མ་རེད། དེ་བས་ལོ་སར་འདི་དང་སྟབས་བསྟུན་ནང་ཆོས་ངོ་སྤྲོད་དང་བོད་དོན་སློ་གསོའི་ལས་རིམ་འདི་བཞིན་སྤེལ་བ་ཡིན་ན་ཚོགས་ཆུང་གི་མི་མང་པོ་ཡོང་ཐུབ་པའི་རེ་བརྒྱབ་པ་རེད། ཅེས་དང་། ཚོགས་ཆུང་འདིའི་འཐུས་མི་སྔ་མ་ཁག་གིས་ཚོགས་ཆུང་གི་འཛིན་སྐྱོང་ཐད་དང་ལས་དོན་བྱེད་སྒོ་ཁག་ལ་དཀའ་ལས་མང་པོ་བརྒྱབ་ཡོད་པ་རེད། ད་དུང་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། དེ་ཡིན་དུས་ང་ཚོས་སྒྲིག་གཞི་བསྐྱར་བཅོས་དང་ལས་སྒོ་ཁག་ཚག་ཚུད་ཡོང་བར་ལས་ཀ་མང་པོ་བྱེད་ཀྱིན་ཡོད་ཅིང་ཚོགས་ཆུང་གི་སྒྲིག་གཞི་མི་མང་ཚོར་འགྲེམ་སྤེལ་དང་། ཚོགས་ཆུང་གི་འཛིན་སྐྱོང་ཡར་རྒྱས་གཏོང་ཕྱོགས་ཐད་ལས་ཀ་མང་པོ་བྱ་དགོས་ཐུག་ཡོད། མ་འོངས་པར་འཛིན་སྐྱོང་ཕྱོགས་ནས་དཀལ་མི་ཡོང་བའི་ཆེད་དུ་ཚོགས་ཆུང་གི་ཚོགས་མི་ཚོས་ཚོགས་ཆུང་གི་སྒྲིག་གཞི་མཁྱེན་རྟོགས་དགོས་ཀྱི་ཡོད་སྐོར་སོགས་གསུང་ཡོད་འདུག དེ་བཞིན་སུདསི་དང་ལེག་ཏན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་མཆོག་གིས་བཀའ་སློབ་གསུང་དོན། སུད་སི་དང་ལེག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་འདི་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གཞན་གྱི་སྒྲིག་འཛུགས་ཁག་དང་བསྡུར་ན་སྒྲིག་འཛུགས་ཚག་ཚུད་ཤོས་ཤིག་ཡིན་མོད། ང་ཚོས་གཅིག་གིས་གཅིག་ལ་བསྟོད་ར་གཏོང་བསྡད་པ་ཙམ་མ་ཡིན་ཡིན་པར། རིག་པ་སྒྲིམ་ནས་བོད་དོན་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དགོས་ཀྱི་ཡོད་པ་དང་། ས་གནས་ཁག་གི་མི་མང་ཚང་མས་བོད་པའི་དཀའ་ངལ་སེལ་ཐབས་གནང་རྒྱུ་ནི་ང་རང་ཚོའི་ལས་འགན་ཡིན་སྙམ་པའི་ཐོག་ནས་ཤུགས་རྒྱག་དགོས་པ་མ་ཟད། ཛུ་རིག་ཚོགས་ཆུང་གི་ཚོགས་མི་ཚོ་ཡིན་ནའང་ཚོགས་ཆུང་གི་ལས་སྒོ་མཐའ་དག་ལ་མཉམ་ཞུགས་དང་ཕྱག་ལས་མཉམ་རུབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སུད་སི་དང་ལེག་ཏན་སུ་ཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་སྐབས་བཅུ་དྲུག་གི་ལས་འཆར་ལྟར་སུད་སི་ས་གནས་ཁག་གི་ནང་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་གཞི་མུ་མཐུད་འགྲོ་བཞིན་པ་ཡིན་པས་ས་གནས་ཁག་གི་མི་མང་ཚོས་དོ་སྣང་དང་མཉམ་ཞུགས་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག 

དེ་རྗེས་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ཀྱི་བོད་དོན་སློབ་གསོའི་སྐོར་ནས་མི་མང་ལ་བཀའ་སློབ་གནང་བ་དང་། རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་མི་མང་ལ་ནང་ཆོས་ངོ་སྤྲོད་བཅས་གནང་ཡོད་འདུག གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སམས་རགས།