ཛུ་རིག་གྲོང་ཁྱེར་ནང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཟླ ༣ ཚེས་༢༧ རེས་ཟླ་བའི་ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་བོད་ཐོག་དམ་དྲག་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་མཉམ་འབྲེལ་ཐོག་སུད་སི་གྲོང་ཁྱེར་ཛུ་རིག་གི་Werdmuleplatz ནས་རྒྱ་ནག་གཞུང་ཚབ་མདུན་བར་ཞི་བའི་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ལས་འགུལ་འདིའི་དམིགས་ཡུལ་ངོ་སྤྲོད་ཐད་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ངོས་ནས་གསལ་བསྒྲགས་ཞིག་སྤེལ་བའི་ནང་འཁོད་དོན། ཀུན་ཀྱིས་མཁྱེན་གསལ་ལྟར་བོད་ནང་ཡིད་སྐྱོ་བའི་གནས་ཚུལ་ཐོན་གསལ་ལྟར་ ཉེ་ལམ་༢༠༡༧ ཟླ ༣ ཚེས་༡༨ ཉིན་བོད་ཁམས་ཉག་རོང་ནས་ཡིན་པ་རང་ལོ་༢༤ སོན་པའི་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་དམ་དྲག་སུན་གཙེར་མུ་མཐུད་བཟོ་བཞིན་པ་དེར་ཞི་རྔམ་སྟོན་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་གཅེས་དཔའ་བོ་ཁོང་འཆི་གསོན་གྱི་གནས་སྟངས་གང་ཡིན་ཁ་གསལ་ཐུབ་མེད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པར། འདི་ག་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་དང་སིད་བོད་མཛའ་འབྲེལ་ཚོགས་པ་གཉིས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་ཞུ་དགོས་དོན་སོགས་འཁོད་འདུག

ལས་འགུལ་འདིར་ཚོགས་གཙོ་སྦྲེལ་བོ་གཙོས་ས་གནས་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་པ་དང་། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་པའི་ངོས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བཅས་གནང་སྟེ། ཆུ་ཚོད་༡༨། ༣༠ ཐོག་ལས་འགུལ་མཇུག་་བསྡུ་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སམས་རགས།