ཚེ་རིང་དབང་འདུས་ལགས་ཀྱི་རྒྱལ་ཞེན་དང་།གོམ་བགྲོད།

སུད་སིའི་གྲོང་ཁྱེར་ཝིན་ཊ་ཐུར་དུ་གནས་སྡོད་ཚེ་རིང་དབང་འདུས་ལགས་ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཞིང་།དེར་མཉམ་ཞུགས་གནང་མཁན་ཡང་རང་ཉིད་གཅིག་པུ་དེ་ཡིན།དེ་ཡང་ཟླ་༥ཚེས་༢༧རེས་གཟའ་ལྷག་པ་དང་སྟབས་བསྟུན་གྱིས་གནས་ཡུལ་གྲོང་ཁྱེར་ཝིན་ཊ་ཐུར་ནས་ལས་འགུལ་དབུ་འཛུགས་ཀྱིས་རིམ་བཞིན་གྲོང་ཁྱེར་ཛུ་རིག་དང་།ལུ་ཛན།བེརྣ།ཕི་རི་བུརྒ་བཅས་བརྒྱུད་མཐའ་མཇུག་གྲོང་ཁྱེར་ཇི་ནེ་ཝར་བརྟེན་གཞི་གནང་བའི་མཉམ་འབྲེལ་རྒྱལ་ཚོགས་སུ་རང་ཉིད་ཀྱི་ཞུ་གཏུགས་ཡི་གེ་འབུལ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་འདུག།

ཚེ་རིང་དབང་འདུས་ལགས་ཀྱིས་ལས་འགུལ་གྱི་དམིགས་ཡུལ་དང་།དགོས་འདུན་དོན་ཚན་ཁག་འགྲེལ་བརྗོད་གནང་བའི་ནང་།ད་རེས་སུད་སི་གྲོང་ཁྱེར་ཁག་མང་བསྐོར་ཏེ་བོད་ཀྱི་རྩ་དོན་དང་།རྒྱ་ནག་དམར་པོའི་འཛམ་གླིང་སྤྱིར་དང་།བྱེ་བྲག་བོད་དོན་ཐོག་མཁྲེག་བཟུང་གི་སྲིད་བྱུས་ལ་འཛམ་གླིང་རྒྱལ་མང་ནས་ངོ་རྒོལ་ལན་འདེབས་ནན་པོ་གནང་དགོས་པ་སོགས་ཀྱི་གནད་དོན་ཐད་འབོད་བསྐུལ་ཞུ་བཞིན་པ་དང་།ཉེ་བའི་ཆར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་འཛམ་གླིང་གང་སར་མི་དངོས་ཀྱི་རྐྱེན་ངན་ཚབས་ཆེ་བྱུང་བའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་འཁྱེར་བཅུག་དགོས་པ་དང་།བོད་རིགས་ལྟ་ཅི་སྨོས།ཕྱིའི་རྒྱལ་ཁབ་ཀྱི་གཞུང་མང་ནས་ཀྱང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་བྱེད་པ་དང་རྒྱ་གཞུང་དང་འབྲེལ་ཐག་བཅད་དེ་རྒྱ་ནག་དམར་ཡུལ་གྲོགས་མེད་ཁེར་རྐྱང་དུ་གནས་དགོས་པ་ཞིག་གནང་དགོས་པ།འཛམ་གླིང་མང་ཚོགས་ཡོངས་ནས་རྒྱ་དམར་གྱིས་བོད་ནང་དུ་དྲག་རྩུབ་བྱ་ངན་གང་སྤེལ་འཛམ་གླིང་མདུན་རྒྱ་གཞུང་གི་གདོང་རིས་ངོ་མ་གསལ་བཏོན་གྱིས་འཛམ་གླིང་མི་མང་ནས་མཁྱེན་རྟོགས་ཡོང་རྒྱུ་བཅས་ཀྱི་ཆེད་ཡིན་ཞེས་ཁོང་གིས་འགྲེལ་བརྗོད་གནང་།

 

དེ་ལྟར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དེ་ནི།རྒྱལ་ཞེན་ལྷག་བསམ་དང་ལྡན་པ་ཚེ་རིང་དབང་འདུས་ལགས་རང་ཉིད་སྒེར་གཅིག་པུས་འབད་བརྩོན་གྱིས་བརྩམས་གནང་བ་ཞིག་ཡིན་ཏེ།རང་ཉིད་སོ་སོའི་གྲ་སྒྲིག་སྟབས་བདེ་དང་མཐུན་རྐྱེན་ཉུང་ཤས་ལ་བསྟེན་ཏེ་ལམ་བར་མཁོ་ཆས་རང་རྒྱབ་ཏུ་བསྣམས་པ་དང་།དབྱིན་ཡིག་ཐོག་འཛམ་གླིང་མི་མང་ནས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་འཕྲལ་དུ་མཚམས་འཇོག་དགོས་ཞེས་འབོད་ཚིག་བཀོད་པའི་ཤོག་སྦྱང་འཕྱངས་ཏེ་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བཅས་མཉམ་འཁྱེར་གྱིས་གོམ་བགྲོད་དུ་བསྐྱོད་ཅིང་།ལས་འགུལ་མཇུག་བསྒྲིལ་དུས་ཚེས་གཏན་འབེབས་ངེས་ཅན་མེད་པའི་རྒྱུ་མཚན་ཡང་ཉིན་མང་འགོར་བའི་ལས་འགུལ་དུ་བསྐྱོད་རིང་།རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་གནས་སྟངས་ལ་བསྟུན་དགོས་པ་མ་ཟད།མཐུན་རྐྱེན་སོགས་མང་པོ་ཞིག་ལ་ཐུག་པ་སྨོས་མེད་ཡིན་ཞིང་།རང་ཉིད་ཀྱི་བུ་རྒན་པ་བསྟན་འཛིན་མཐུ་སྟོབས་ལགས་ཀྱིས་ཕྱི་ནས་ངོ་དེབ་ཐོག་ཁྱབ་བསྒྲགས་དང་འབྲེལ་མཐུད་བྱེད་སྒོ་དག་ལ་འགན་འཁུར་གནང་བཞིན་ཡོད་འདུགརིམ་གྱིས་ངོ་དེབ་དང་སྤྱི་ཚོགས་དྲྭ་རྒྱ་སོགས་བརྒྱུད་གནས་ཚུལ་ཤེས་རྟོགས་སྤེལ་རེས་བྱུང་རྗེས་ཁོང་ལ་གདུང་སེམས་མཉམ་སྐྱེའི་རོགས་སྐྱོར་གནང་མཁན་གནས་ཡུལ་བོད་རིགས་ས་གནས་ཚོགས་པ་ཁག་དང་།མི་སྒེར་ཁག་རིམ་པས་མང་རུ་འགྲོ་བ་དང་།ལམ་བར་ཉིན་རེ་གཉིས་ཀྱི་དུས་ཁོམ་སྐབས་བསྟུན་རང་རིགས་མི་ཉུང་བ་དཔེར་ན་ཝིན་ཊ་ཐུར་གནས་སྡོད་བསྟན་འཛིན་བྱང་ཆུབ་ལ་སོགས་པས་གོམ་བགྲོད་འདིའི་ནང་དངོས་སུ་མཉམ་ཞུགས་གནང་མཁན་ཡང་ཡོད་འདུགཉིན་སྔ་མ་རྒྱལ་ས་བེརྣ་དུ་ཞག་སྡོད་རྗེས་དེ་རིང་མུ་མཐུད་ཚེ་རིང་དབང་འདུས་ཁོང་ཉིད་རྒྱལ་ས་བེརྣ་ནས་ཕིརི་བུག་ཕྱོགས་སུ་བསྐྱོད་ཐོན་གནང་འདུག།

ཚེ་རིང་དབང་འདུས་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༩  ལོར་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མ་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ནང་དང་། ༢༠༡༢ ལོར་སུད་སི་རྒྱལ་ས་བེརྣ་ནས་ཇི་ནེ་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་ནང་དུའང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་འདུག།

གསར་འགོད་པ། དཔར་པ་བཀྲ་ཤིས་རྣམ་རྒྱལ། རྡེའུ་མཁར་བློ་བསྟན།

ཚེ་རིང་དབང་འདུས་ལགས་ལ་འབྲེལ་བ་གནང་ན། ཁ་པར། 0787014545

I

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།