མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་དམར་གྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་མུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་།

ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༤ རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཀྱི་ཚོགས་ཆེན་ཐེངས་ ༤༨ པ་གནང་སྐབས་དང་སྟབས་བསྟུན་སུད་སི་གྲོང་ཁྱེར་ཇི་ནི་ཝར། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས། རྒྱ་དམར་གྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་དང་གཏོང་མུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་ལས་འགུལ་གོ་སྒྲིག་གནང་།

དེ་ཡང་ཐོག་མར་དེ་ཉིན་གྲོང་ཁྱེར་ཇི་ནེ་ཝར་གནས་གཞིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཚོགས་ཀྱི་མདུན་ས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྟི་གནས་ལས་ཁུངས་ཀྱི་མདུན་ཐང་བར། སུད་སིར་གནས་པའི་བོད་རིགས་ས་གནས་འཐུས་མི་རྣམས་དང་ལས་སྣེ་རྣམས་ཀྱིས་སྣེ་འཁྲིད་དེ། བོད་རིགས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཁྱོན་མི་གྲངས་ ༡༠༠ ལྷག་ནས་ལག་ཏུ་རྒྱལ་དར་ཐོགས་པ་གཅིག་མཇུག་གཉིས་མཐུད་ཀྱིས་རྔམ་སྟོན་ཁྲོམ་སྐོར་གནང་། ཁོང་རྣམས་ཀྱིས་བོད་ནང་བོད་མིར་རང་དབང་དགོས་སོགས་འཁོད་པའི་འཕྲེད་དར་འཕྱར་བཞིན་སྐད་གསང་མཐོན་པོའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བསྲུང་བརྩི་དགོས་ངེས་དང་། རྒྱ་དམར་ནས་བོད་མིར་དྲག་གནོན་འཕྲལ་དུ་མཚམས་འཇོག །བོད་ཀྱི་བདག་དབང་བོད་མིར་ཡོད་ཅེས་དང་། དེ་བཞིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་སོགས་ཀྱི་དགོས་འདུན་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་གི་མདུན་སར་འདུས་ཚོགས་གནང་སྟེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་གནང་ཐོག་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གནང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ནས་ལས་འགུལ་གྱི་དགོས་དོན་དབྱིན་སྐད་ཐོག་ངོ་སྤྲོད་གསུང་བཤད་གནང་ཞིང་། ཚོགས་གཞོན་བསྟན་འཛིན་དབང འདུས་ལགས་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུའི་ཞུ་གཏུགས་སྙན་ཞུ་ལྗགས་ཀློག་གནང་།

དེ་རྗེས་རིམ་པས་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་ཨུ་ཝེ་ མེ་ཡ། དེ་བཞིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་བསྟན་འཛིན་བདེ་གསལ་ལགས་ནས་གསུང་བཤད་གནང་། ཁོང་རྣམ་པས་རྒྱ་དམར་གཞུང་གིས་བོད་ནང་དྲག་གནོན་གདུག་རྩུབ་ཀྱི་ལས་འགུལ་ཇི་སྙེད་སྤེལ་བར་མཉམ་འབྲེལ་རྒྱལ་ཚོགས་ནས་ནམ་ཡང་སྣང་མེད་དུ་འཇོག་ཐབས་མེད་པར་དེ་ལ་ངེས་པར་དུ་ཐེ་བྱུས་གནང་དགོས་སོགས་ཀྱི་རེ་འདུན་བཏོན་པ་གནང་།

སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ནས་ལས་འགུལ་གོ་སྒྲིག་གནང་མཁན་སུད་སི་དང་། ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་པར་རྗེས་སུ་ཡི་རངས་དང་། ལས་འགུལ་དུ་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་དང་། བོད་མི་རྣམས་ནས་བོད་ཀྱི་བདེན་མཐའ་མ་གསལ་གྱི་བར་མུ་མཐུད་ལས་འགུལ་སྤེལ་དགོས་པ་དང་། བོད་མི་ནང་ཁུལ་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་དགོས་པ་ལས། སྤྱི་ཚོགས་ནང་ཕྱོགས་རིས་ཀྱི་འཐེན་འཁྱེར་རིགས་ལ་གཟབ་དགོས་ཞེས་སོགས་གསུངས། མཐའ་མཇུག་ཏུ་༧རྒྱལ་བའི་ཞབས་བརྟན་འུར་འདོན་དང་། མ་ཎི་ཡིག་དྲུག །བདེན་ཚིག་སྨོན་ལམ་བཅས་འདོན་པ་གནང་སྟེ་ལས་འགུལ་མཇུག་བསྒྲིལ་པ་བཅས་སོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།