མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་ཆའི་མཁས་དབང་ནས་རྒྱ་གཞུང་གི་གཞིས་སྤོས་སྲིད་བྱུས་ལ་རྩོད་གླེང་གནང་བ།

ད་རིང་ཉིན་རྒྱབ་འཇི་ནི་ཝར་ཚོགས་བཞིན་པའི་རྒྱལ་ཚོགས་བགྲོ་གླེང་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་ཆའི་ཐོག་ཞིབ་འཇུག་གནང་མཁན་མཁས་དབང་སྐུ་ཞབས་ཨོ་ལི་ཝར་དི་ཤུ་ཌར་ནས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱ་བཞིན་པའི་འབྲོག་པ་གཞིས་སྤོས་སྲིད་བྱུས་ལ་རྩོད་གླེང་གནང་སོང་།
དེ་ཡང་ཁོང་གིས། ངེད་བསམ་པར་རྒྱ་ནག་ནང་དཀའ་ངལ་ཚབས་ཆེན་མང་པོ་ཡོད་པ་དང་།
བོད་ནང་ཞིང་འབྲོག་ཚོའི་གནས་སྟངས་ནི་དཀའ་ངལ་ཆེ་གྲས་ཤིག་ཡིན། མཁས་དབང་མཆོག་ནས་རྒྱ་ནག་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་ཞིག་ཕྱི་ལོ་ ༢༠༡༢ ཟླ ༡ ཚེས་ ༢༠ ཉིན་བཏོན་ཡོད། སྙན་ཐོའི་ནང་བོད་མི་ཞིང་འབྲོག་རྣམས་རང་འདོད་མེད་པར་སྲོལ་རྒྱུན་ས་ཁུལ་ནས་གཞིས་སྤོས་གནང་རྒྱུ་དེ་མཚམས་འཇོག་གནང་དགོས་ཞེས་གསུངས་ཡོད་པ་མ་ཟད། རྒྱ་གཞུང་ནས་གཞིས་སྤོས་གནང་ཡུལ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞེས་པའི་ནང་ལས་ཀའི་གོ་སྐབས་དང་། ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་ཞབས་ཞུ་མཐུན་རྐྱེན་བསྐྲུན་ཏེ་གྲོང་གསེབ་ནང་གི་གནས་སྡོད་མི་མང་རྣམས་ལ་བཟའ་ཆ་ལྡེང་ངེས་སྤྲོད་ཐུབ་པ་དགོས་ཞེས་འཁོད་ཡོད་འདུག ཁོང་ཕྱི་ལོ་་་༢༠༡༠་་ཟླ་་༡༢་་ནང་རྒྱ་ནག་ཏུ་ཕེབས་ཡོད། ཡང་སྙན་ཐོ་ནང་རྒྱ་ནག་གཞུང་ནས་གཞིས་སྤོས་ཟིན་པའི་ཚོགས་སྡེ་ཁག་མཉམ་རྩ་ཐང་རྒྱུན་གནས་ཐུབ་པའི་གསོ་ཉར་གྱི་ཐབས་བྱུས་ཐོག་དོན་འབྲས་སོན་པའི་གྲོས་བསྡུར་གནང་དགོས་ཞེས་རྒྱ་གཞུང་ལ་བསྐུལ་མ་གནང་འདུག གནད་དོན་དེའི་ཐོག་བགྲོ་གླེང་གནང་སྐབས་ཡོ་རོབ་སྤྱི་མཐུན་ཚོགས་པ་ནས། ང་ཚོ་གཞིས་སྤོས་ལས་གཞི་དེ་ཡིས་བོད་མི་ཞིང་འབྲོག་དང་གྲོང་གསེབ་ནང་གནས་སྡོད་རྣམས་ཀྱི་ཐོག་དོ་ཕོག་དང་མཇུག་འབྲས་ལ་བློ་འཚབ་ཆེན་པོ་ཡོང་བཞིན་འདུག་པས་གནད་དོན་དེའི་ཐོག་ཞིབ་འཇུག་མཁས་དབང་ནས་སྙན་ཐོ་ནང་གསལ་རྒྱབ་གཉེར་ཁག་ལག་ལེན་འཁེལ་ཐབས་ཆེད་རྒྱ་ནག་གཞུང་དང་འབྲེལ་ལམ་བྱུང་ཐུབ་ཡོད་དམ་མེད་སྐོར་ཤེས་འདོད་བྱུང་ཞེས་གསུངས་འདུག
རྒྱ་ནག་གཞུང་གི་སྐུ་ཚབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་མཁས་དབང་གི་སྙན་ཐོའི་ནང་དོན་ལ་བློ་འཚབ་ཡོད་སྐོར་དང་།
འགྲོ་བ་མི་བལྟ་རྟོགས་ཚོགས་པ་ (Human Rights Watch) དང་ཧེལ་སེང་གི་འགྲོ་བ་མིའི་ཚོགས་པ་ (Helsinki Foundation for Human Right) ནས་སྐྱོན་བརྗོད་གཏམ་བཤད་གནང་བ་དེར་མཐའ་གཅིག་ཏུ་མོས་མཐུན་དང་ངོས་ལེན་མེད་ཅེས་ལན་འདེབས་བྱས་སོང་།

དེ་ཡང་རྒྱ་ནག་སྐུ་ཚབ་ཀྱིས། ཞིང་འབྲོག་རྣམས་གཞིས་སྤོ་བྱས་པ་དེ་དག་གི་ས་ཁུལ་ནང་གི་དཔལ་འབྱོར་ཡར་རྒྱས་རྒྱུན་གནས་ཐུབ་པ་དང་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱིར་ཡིན། ལས་གཞི་དེ་དག་ཞིང་འབྲོག་མི་མང་ནས་རྒྱབ་སྐྱོར་སྴུགས་ཆེན་པོ་ཡོད། བོད་ཚུད་པའི་རྒྱ་ནག་གི་ནུབ་ངོ་ཕྱོགས་ཀྱི་ས་ཁུལ་ནང་གཞིས་སྤོ་ལས་གཞི་དེ་དག་དགའ་མོས་བྱེད་སའི་སྲིད་བྱུས་ཤིག་ཡིན།

དེའི་ལན་དུ། བཟའ་ཆ་ཐོག་ཞིབ་འཇུག་མཁས་དབང་ནས། ༢༠༡༡ ཟླ ༩ པའི་རྒྱ་གཞུང་གི་བརྒྱུད་ལམ་ཤིང་ཝའི་ནང་ཐོན་པའི་གནས་ཚུལ་ཞིག་ལུང་འདྲེན་གནང་སྟེ། གཞིས་སྤོས་ཟིན་པའི་མི་མང་ཕལ་ཆེ་བས་འབྲོག་པའི་མི་ཚེ་དྲན་ཞིང་། གཡག་སྐད་ཐོས་འདོད་ཆེ་ཞིང། རྩ་ཐང་ཐོག་རྐང་འགྲོས་བྱ་འདོད་ཡོད་པ་སྟོན་ཡོད།
ཡང་ཁོང་གིས་མུ་མཐུད་ཤིང་ཝའི་གསར་འགྱུར་གཞན་ཞིག་ལུང་འདྲེན་གནང་སྟེ། བོད་པ་ཞིག་གི་གསུང་དོན་ལ།
ཁོང་གི་ནང་མི་རྣམས་རྒྱ་གཞུང་གི་ལོ་རེའི་རོགས་དངུལ་ཐོག་འཚོ་བཞིན་ཡོད་པ་དང་དེའི་ལོ་རེ་ཐོབ་འབབ་ནི་གཡག་གཉིས་ཀྱི་རིན་འབབ་ལས་ཉུང་བ་ཡིན། གྲོང་བརྡལ་ནང་དགོས་མཁོ་རྣམས་རིན་གོང་ཆེ་བ་ཡོད་སྐོར་བཤད་འདུག
མཁས་དབང་ཁོང་ནས་མཚོ་སྔོན་ཞིང་ཆེན་རང་ནས་ཕྱི་ལོ་་་༢༠༠༩་་ནས་བཟུང་འབྲོག་པ་མི་གྲངས་འབུམ་གཉིས་དང་། དུད་ཚང་རྩིས་ན་་་༦༤༠༠༠་་ཙམ་གཞིས་སྤོས་བྱས་ཟིན་ཡོད་པ་དང་། རྒྱ་གཞུང་གསར་ལམ་ཤིང་ཝ་ནང་ཐོན་གསལ་ལྟར་ན་༢༠༡༢ ལོ་མཇུག་བར་འབྲོག་པ་མི་གྲངས་་༥༠༠༠༠་གཞིས་སྤོ་གནང་འཆར་ཡོད་འདུག་པ་འཁོད་ཡོད་འདུག དེས་གཞིས་སྤོས་སྲིད་བྱུས་དེ་གཞི་རྒྱ་ཆེན་པོ་ཡིན་པ་སྟོན་གྱི་ཡོད་ཅེས་ལན་གནང་སོང་།
མཁས་དབང་ཤུ་ཌར་ནས་མུ་མཐུད་གསུང་དོན། རྒྱ་གཞུང་གི་གཞིས་སྤོ་སྲིད་བྱུས་དེ་དམིགས་ཡུལ་བཞིན་ལམ་ལྷོང་ཡོང་གི་མེད་གང་ལ་ཞེ་ན་ཕྱི་ལོ་་་༢༠༡༡་་ཟླ་་༣་་ནས་ད་བར་བོད་མི་གྲངས་་༢༥་རང་ལུད་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་སྲིད་བྱུས་དག་ལ་ངོ་རྒོལ་གནང་ཡོད། དེའི་ཁོངས་མི་གྲངས་་༡༨་གཞིས་སྤོས་ཟིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་བའི་ནང་གནས་སྡོད་བྱེད་མཁན་འབྲོག་པ་རྣམས་ཡིན། དེར་བརྟེན་རྒྱ་གཞུང་ནས་བསྒྲགས་བཞིན་པའི་༼དགའ་མོས་སྲིད་བྱུས་༽དེ་དོན་དུ་ཇི་བཞིན་གནས་མེད།
རྒྱ་གཞུང་སྐུ་ཚབ་ནས་ཞིབ་འཇུག་མཁས་དབང་ཁོང་བོད་ནང་ཕེབས་མེད་པར་སོང་བོད་དོན་ཐོག་དགོངས་འཆར་གནང་མི་ཆོག་པའི་སྐྱོན་བརྗོད་གནང་སོང་ཞེས་གསུང་སོང་། མཁས་དབང་ཁོང་གིས་མཇུག་བསྡོམས་གསུང་བཤད་ནང་། བོད་ནང་རྒྱུན་དུ་ནས་འབྲེལ་ལམ་དང་། དྲ་རྒྱ། ཁ་པར། སོགས་བཀག་བསྡོམས་དང། ད་ལྟ་བོད་ནང་རང་དབང་ལྡན་པའི་ཞིབ་འཇུག་པ་དང་གསར་འགོད་པ་བཅས་ལ་རྒྱ་གཞུང་ནས་སྒོ་རྒྱག་ཏེ་འགྲོ་འོང་གཏོང་གི་མེད་། ཉེ་ལམ་བི་བི་སི་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་ལ་རྒྱ་གཞུང་ནས་གལ་ཏེ་བོད་ཐོག་གསར་གྱུར་འགོད་གཏོང་གནང་ཚེ་ཕྱིར་འབུད་བྱ་རྒྱུའི་སྡིག་བསྐུལ་བྱས་འདུག་ཞེས་གསུངས་ཡོད་འདུག དོན་ཁང་ནས་བསམ་འཕེལ་ལགས་སུ་བཅའ་འདྲི་ཞུས་པ་་་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།