མགོ་ལོག་འཇིགས་མེད་སུད་སིར་ཕེབས་ཡོད།

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་སུད་སི་གནས་སྡོད་བོད་མི་རྣམས་ལ་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་དཀའ་སྡུག་འགྲེལ་བརྗོད་དང་། བོད་ཀྱི་གནད་དོན་ཁག་ཅིག་གི་ཐོག་དགོངས་ཚུལ་གསུང་བཤད་གོ་སྒྲིག་བྱས་ཡོད་འདུག
མཛད་སྒོ་འདིའི་ཐོག་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐུ་ཚབ། སུད་སི་དོན་གཅོད་སྐུ་ཚབ། ཡུ་རོབ་གཞོན་ནུའི་མཐུན་ཚོགས་དང་། སུད་སི་ས་གནས་བུད་མེད་ལྷན་ཚོགས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་དང་ཚོགས་གཙོ་གཞོན་སོགས་གཙོས། མི་མང་བརྒྱ་མ་ཟིན་ཙམ་མཉམ་འཛོམས་བྱུང་ཡོད་འདུག མཛད་སྒོའི་ཐོག་མར་མགོ་ལོག་འཇིགས་མེད་བཙན་བྱོལ་དུ་ཕེབས་ཐུབ་པར་སྔ་ཕྱི་བར་གསུམ་དུ་རེ་བ་ཤུགས་ཆེན་གནང་མཁན་ཨ་མདོ་འཇམ་དབྱངས་ལགས་ཀྱིས་མགོ་ལོག་འཇིགས་མེད་ལགས་ངོ་སྤྲོད་དང་། སུད་སི་དོན་གཅོད་སྐུ་ཚབ་གྱིས་གསུང་བཤད་གྲུབ་རྗེས། མི་མང་འདུ་འཛོམས་ཐོག་མགོ་ལོག་འཇིགས་མེད་ཀྱིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་མནར་གཅོད་འོག་བོད་མི་ཚོས་དཀའ་སྡུག་ག་འདྲ་མྱོང་བཞིན་པ་དང་། ལྷག་དོན་མགོ་ལོག་འཇིགས་མེད་ལགས་སྒེར་གྱིས་རྒྱ་གཞུང་གི་བཙོན་འོག་ནས་དཀའ་སྡུག་ག་འདྲ་མྱང་ཡོད་མེད་ཐད་པར་དང་བཅས་མི་མང་ལ་འགྲེལ་བརྗོད་གནང་ཡོད་འདུག་ཅིང་། བོད་ནང་དུ་སྐུ་ལུས་མེར་སྲེག་གནང་མཁན་ཚོའི་རེ་འདུན། དེ་བཞིན་བོད་ནང་གི་བོད་མི་ཚོས་ཕྱི་སྡོད་བོད་མི་ཚོར་རེ་བ་ག་འདྲ་ཞིག་རྒྱག་གིན་ཡོད་མེད་ཐད་འགྲེལ་བརྗོད་གནང་ཡོད་འདུག

གཏམ་བཤད་གྲུབ་རྗེས་མི་མང་གི་དྲི་བ་ཁག་ཅིག་ལ་ལན་བརྗོད་རྒྱུར། བོད་ནང་གི་བོད་མི་ཚོས་ཉེན་ཁ་ལ་མ་འཛེམ་པར་ཕྱི་སྡོད་བོད་མི་ཚོར་རེ་བ་ཆེན་པོ་རྒྱག་གིན་འདུག་པ་དང་། དེ་ལ་ཕྱི་ན་ཡོད་མཁན་བོད་མི་ཚོས་ཅིས་རྒྱབ་སྐྱོར་དང་ལས་འགུལ་སྤེལ་དགོས་ཀྱིན་ཡོད། ཅེས་དང་། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བོད་མི་ཚོས་བྱེད་སྟངས་འདིས་གཞིས་ལུས་བོད་མི་ཚོས་སེམས་པར་ན་ཟུག་ཆེན་པོ་སློང་གིན་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མི་མང་ལ་རྩིས་སྤྲོད་བྱས་པའི་རྗེས་རྒྱ་གཞུང་གིས་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཐེ་གཏོགས་བྱ་ཐབས་མེད་པར་གྱུར་བའི་སྐབས། ཆེད་དུ་དོལ་རྒྱལ་རྗེས་འབྲང་པ་ཚོས་ཆོས་ལུགས་རང་དབང་ལ་ཁ་གཡར་ཏེ་བྱ་སྤྱོད་འདྲ་མིན་སྤེལ་བ་དང་། རྡ་སའི་བོད་མིའི་སྒྲིག་འཛུགས་ལ་ཇག་ཚོགས་ཟེར་བ་འདྲ་བོ་དང་། དེ་མིན་བློ་བཟང་སེང་གེ་དང་གཞུང་གི་དབུ་ཁྲིད་ཚོར་རྒྱ་ནག་གཞུང་གིས་ཇི་ལྟར་སྐྱོན་འཛུག་བྱས་པ་ནང་བཞིན་ཁོ་ཚོས་ཀྱང་དེ་ལྟར་བྱེད་ཀྱིན་ཡོད་པ་ཧ་ཅང་གི་བློ་ཕམ་ཆེན་པོ་སྐྱེས་དགོས་པ་ཞིག་རེད། ད་ལྟའི་བོད་ཀྱི་རྩ་དོན་གྱི་གནས་བབ་དང་ཛ་དྲག་གི་གནས་སྟངས་ལ་བསམ་བློ་གཏོང་མི་ཤེས་པར་༧གོང་ས་མཆོག་ལ་མ་ཉེས་ཁ་གཡོགས་བྱེད་ཀྱིན་པ་འདིས་གཞིས་བྱིས་གཉིས་ཀྱི་བོད་མི་ཚོར་བློ་ཕམ་ཚད་མེད་བཟོ་བཞིན་ཡོད། བོད་པ་འདི་དག་གིས་རང་ཉིད་ཀྱི་ཤ་དང་ཁྲག་དེ་མི་རིགས་གང་ཞིག་གི་ཤ་དང་ཁྲག་ཡིན་པ་དང་། མི་རིགས་དེ་ད་ལྟ་གནས་བབ་ག་འདྲ་ཞིག་ལ་སླེབས་ཡོད་མེད་སོགས་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་རེད། ཅེས་སོགས་གསུངས་ཡོད་འདུག

མགོ་ལོག་འཇིགས་མེད་ལགས་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་གྱི་ཞོགས་པར་སུད་སི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཉིན་དེར་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང་། ཡུ་རོབ་སྤྱི་འཐུས་སོགས་སུད་སི་ནང་གི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་ལྔ་བཅུ་ལྷག་ཕེབས་བསུར་བཅར་ཡོད་འདུག མགོ་ལོག་འཇིགས་མེད་ལགས་ཀྱིས་སུད་སི་གཞུང་ལ་སྐྱབས་བཅོལ་བྱས་ཏེ་མུ་མཐུད་སུད་སི་ནང་བཞུགས་འཆར་ཡོད་འདུག  ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སམས་རགས།