བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སི་མི་མང་ལ་ཡི་དམ་གྱི་དབང་གནང་ཡོད་འདུག

༢༠༡༧ ཟླ ༥ ཚེས་༢༨ རེས་གཟའ་ཉི་མའི་ཉིན། སེར་བྱེ་ནང་པའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག སུད་སི་ས་གནས་Haageri  ནང་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སིའི་བོད་རིགས་གཙོས་པའི་ཆོས་ཞུ་པ་བདུན་བརྒྱ་ལྷག་ལ་ཡི་དམ་གྱི་དབང་གནང་ཡོད་འདུག

སེར་བྱེ་ནང་བའི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་མ་ཧ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་གདན་འདྲེན་ཞུ་བཞིན་པའི་གནས་ཚུལ་ཐོས་རྗེས། ང་ཚོས་གྲྭ་ཚང་བརྒྱུད་སྐྱབས་རྗེ་ཆོས་རྗེ་རིན་པོ་ཆེ་ལ་འབྲེལ་བ་ཞུས་ཏེ། གལ་སྲིད་གཟའ་ཉི་མ་ཞིག་ལ་མཛད་རིམ་གྱི་དུས་ཚོད་ཞིག་རག་ན་མི་མང་ཡི་དམ་གྱི་དབང་ཞིག་གནང་སྐྱོང་བའི་གསོལ་འདེབས་ཞུས་པ་ལྟར། སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཞལ་བཞེས་སྐལ་བ་བཟང་བོ་ཐོབ་པ་མ་ཟད། དེ་བཞིན་སུད་སིར་གདན་ཞུ་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཀྱང་དགའ་ཚོར་ཆེན་པོའི་རྒྱབ་སྐྱོར་ཐོབ་པའི་དབང་གིས། ང་ཚོས་ད་རེ་ཆོས་ཞུ་བ་མང་པོ་ཞིག་ལ་ཡི་དམ་གྱི་དབང་ལུང་མན་ངག་ཟབ་མོ་ཐོབ་པའི་གོ་སྐབས་བཟང་བོ་འབུལ་ཐུབ་པར་དགའ་སྤོབས་སྐྱེས་ཀྱིན་ཡོད་པ་མ་ཟད། སུད་སི་མི་མང་སྒྲིག་འཛུགས་གཙོས་པའི་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ། ཞེས་སོགས་གསུང་སོང་།  

ཉིན་འདིར་ཆོས་ཞུ་བ་མི་མང་བདུན་བརྒྱ་ལྷག་ཕེབས་ཡོད་པ་དང་། གསུང་ཆོས་གོ་སྒྲིག་པ་སེར་བྱེ་ནང་བའི་རིག་གཞུང་ལྟེ་གནས་ཁང་གི་ངོས་ནས་ཆོས་ཞུ་བ་རྣམས་ལ་ཉིན་དེའི་ཉིན་གུང་ཞལ་ལག་བཅས་གོ་སྒྲིག་གནང་ཡོད་འདུག

གཞན་ཚོགས་གཙོ་མཆོག་གིས་ཐེངས་འདིའི་ལས་རིམ་འདིའི་དམིགས་ཡུལ་ཐད་གསལ་བརྗོད་གནང་དོན། ང་ཚོའི་ཚོགས་པའི་དམིགས་ཡུལ་ནི་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། མི་མང་ལ་ཕན་པ་བསྒྲུབ་རྒྱུ་ཁོ་ན་ཡིན་ལ། ད་རེ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་མཛད་བྲེལ་ཧ་ཅང་ཆེ་ནའང་མི་མང་ལ་ཡི་དམ་གྱི་དབང་ཞིག་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དོན་ཀྱང་དེ་བཞིན་ཡིན། ཅེས་དང་། ༧གོང་ས་མཆོག་གིས་ནམ་རྒྱུན་སེར་བྱེ་གྲྭ་ཚང་ལ་མི་མང་ལ་ཕན་པ་ཡོད་པའི་ལས་དོན་གང་ཡོད་པ་གནང་དགོས་པའི་བཀའ་ཕེབས་བཞིན་པ་དང་། གྲྭ་ཚང་གི་ངོས་ནས་འཛམ་གླིང་གང་སར་ཡོད་པའི་སེར་བྱེ་གྲྭ་ཚང་གི་གྲྭ་ཟུར་དང་འབྲེལ་ཡོད་མི་སྣ་རྣམས་ལ། སོ་སོ་ས་གནས་གང་དུ་ཡོད་ཀྱང་ས་གནས་དེའི་སྤྱི་སྨན་ལས་དོན་ཕྱོགས་ལ་ཕྱག་ལས་གནང་དགོས་པའི་བཀའ་ཕེབས་ཀྱིན་ཡོད་པ་ལྟར། ང་ཚོས་ཀྱང་དེ་བཞིན་སུད་སི་ས་གནས་ཁ་ཤས་ནང་ནང་ཆོས་སྤྲོད་སོགས་ཀྱིས་མཚོན་ལས་རིམ་གོ་སྒྲིག་གནང་ཡོད་ཀྱང་། མི་མང་གིས་དེ་ཙམ་དོ་སྣང་ཆེན་པོ་གནང་གི་མེད་པའི་དཀའ་ངལ་ཞིག་ཡོང་གི་འདུག ད་རེ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དབང་གི་བཀའ་ཆོས་ཟབ་མོ་ཞུ་མཁན་མི་གྲངས་བདུན་བརྒྱ་ལྷག་ཕེབས་ཡོད་པ་ཡིན་སྟབས། གོ་སྐབས་འདི་བརྒྱུད་མི་མང་གིས་ང་ཚོའི་ཚོགས་པར་དོ་སྣང་དང་། རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་སོགས་གསུང་སོང་།

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སྡོམས་རོགས།