བོད་ཨ་མདོ་འབོ་ར་ནས་དེ་རིང་ཡང་རང་ལུས་མེར་བསྲེགས་བཏང་འདུག

༢༠༡༢ ལོའི་ཟླ་༡༠ཚེས་༢༠ཉིན་བོད་ནང་གི་ཉིན་གུང་དུས་ཚོད་གཉིས་པ་ཡས་མས་སུ། ཨ་མདོ་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་༢༡༣ཅན་གྱི་སྟེང་དུ་འབོ་ར་སྒྲོག་འགབ་མ་སྡེ་བའི་ཕ་མིང་ལ་སྟོབས་ལྡན་དང་། ཨ་མའི་མིང་ལ། སྙིང་མོ་ཐར་ལོ་ཟེར་བ་གཉིས་ཀྱི་བུ་རང་ལོ་༢༧་ཅན་གྱི་རྒྱལ་གཅེས་དཔའ་བོ་སྟག་ལོ་བ་ལྷ་མོ་སྐྱབས་ཀྱིས། དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་སྒྲོན་ཏེ་ཀུ་རིང་ཞིག་དང་བཅས་(༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་ཁ་ཤས་བྱས་འདུག་ཀྱང་གནས་ཚུལ་ཡོང་ཁུངས་ནས་ནང་དོན་གསལ་བོ་ཐོས་མི་འདུག) དགོན་པའི་ཕྱོགས་སུ་རྒྱུགས་པ་ན་ནམ་རྒྱུན་བདེ་འཇགས་ལ་བསྙད་དེ་སྐོར་གཡེང་འགྲོ་བཞིན་པའི་ཉེན་རྟོག་པ་(ཉེན་རྟོག་ཚན་པ་གང་ཡིན་གསལ་ཁ་མ་བྱུང་།)ཁག་ཅིག་ལམ་ཆེན་འགྲམ་དུ་ཡོད་པ་ཚོ་དང་ཐོག་ཁོའི་སྟེང་དུ་རྒྱུགས་ཀྱང་རྒྱལ་གཅེས་དཔའ་བོ་ཁོང་ཚམ་ཚོམ་མེད་པར་ཉེན་རྟོག་པ་ཚོའི་ཕྱོགས་སུ་ཕར་རྒྱུགས་པ་ན་ཉེན་རྟོག་མི་སྣ་ཚོ་བྲོས་འདུག ད་དུང་མུ་མཐུད་དེ་ཁོང་གི་ལུས་སྟེང་གི་མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་པའི་ངང་གོམ་པ་ཁ་ཤས་མདུན་དུ་རྒྱུགས་པ་ན་ཐང་ལ་འགྱེལ་ཏེ་སྐུ་གྲོངས་འདུག གནས་ཚུལ་ཡོང་ཁུངས་ལྟར་ན། ཉེན་རྟོག་པ་དང་དེར་འདུས་སེར་སྐྱ་མི་མང་གི་བར་འཁྲུག་རྩོད་ཅུང་ཙམ་ཤོར་འདུག་ཀྱང་གྲྭ་མང་དང་མི་མང་གིས་འདས་པོའི་སྐུ་ཕུང་འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོར་འབྱོར་དུ་གདན་དྲངས་ཏེ་དགོན་པའི་གྲྭ་མང་ཡོངས་ཀྱིས་སྨོན་ལམ་གསུངས་འདུག

མ་འགྱངས་པར་ཉེ་འཁོར་གྱི་མི་མང་གིས་གནས་ཚུལ་དེ་ཐོས་ནས་དགོན་པར་འབྱོར་འདུག གྲྭ་མང་གིས་སྨོན་ལམ་གསུང་ཚར་བ་དང་དེར་འདུས་འབོ་རའི་ཚོ་བ་བཞིའི་མང་ཚོགས་དང་གྲྭ་མང་གིས་མ་ཎི་རྒྱང་འཐེན་བྱས་ཏེ་སྐུ་ཕུང་སྒྲོག་འགབ་མ་སྡེ་བའི་ཁོང་གི་ཁྱིམ་དུ་གདན་འདྲེན་བྱས་འདུགའདས་པོ་ཁོང་གི་བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་དང་། ད་ལོར་རང་ལོ་༢༨ཡས་མས་དང་། ཁོང་གཉིས་ལ་བྱིས་པ་འབྲུག་མོ་མཚོ་དང་། ་པདྨ་མཚོ་ཟེར་བའི་བུ་མོ་གཉིས་ཡོད་པ་ལས་གཅིག་ད་ལོ་རང་ལོ་༡༠་དང་གཅིག་ད་ལོར་རང་ལོ་༧་རེད་འདུག

གནས་ཚུལ་འབྱུང་ཁུངས་ ཁ་བརྡ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།