བོད་སྐད་ཡིག་ནི་བོད་རང་གི་སྲོག་རྩ་ལྟ་བུ་ཡིན།

ཁ་སང་ཉིན་རྒྱབ་སུད་སི་བོད་རིགས་ཚོགས་པའི་བཀོད་སྒྲིག་འོག་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་རྣམ་གཉིས་རྗི་ནེ་ཝར(Genève)་མི་མང་ལ་བཀའ་སློབ་གནང་བར་ཕེབས་པ།
ཟླ་འདིའི་ཚེས་༡༡་ཉིན་རྒྱབ་ལ་༧སྤྱི་ནོར་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་སུད་སི་བོད་རིགས་ཚོགས་པའི་བཀོད་སྒྲིག་བྱས་ཏེ་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་རྣམ་གཉིས་རྗི་ནེ་ཝར(Genève)་ས་གནས་མི་མང་ལ་བཀའ་སློབ་གནང་བར་ཕེབས་པ་དང་། ཚོགས་ཆུང་ཀྱི་ཚོགས་མི་ལྔ་བཅུ་ལྷག་འཚོགས་ཤིང་ས་གནས་འཐུས་མི་མཚོ་སྐྱིད་ལགས་ཀྱིས་ཚོགས་འདུ་ལ་འགོ་འཛིན་གནང་།

རི་ཁོན་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དུས་ཚོད་ཕྱེད་ཀ་ལྷག་ལ་༧རྒྱལ་བའི་ཞབས་བརྟན་གྱི་ཞལ་འདོན་བཏོན་རྗེས་ནང་ཆོས་ངོ་སྤྲོད་གནང་བ་མ་ཟད། གཞོན་སྐྱེས་ཚོར་ནང་ཆོས་ཉམས་ལེན་བྱེད་སྟངས་དེའང་དེང་གི་སྤྱི་ཚོགས་དངོས་ལ་སྦྱར་ཞིང་།འཛམ་གླིང་མི་མང་ལ་ཕན་ནུས་འདོན་ཐུབ་པའི་རིན་ཐང་གཞལ་མཐའ་བྲལ་བའི་རིག་གཞུང་ནོར་བུ་ཞིག་ང་ཚོ་ལ་ཡོད་པ་དེ་གཞོན་སྐྱེས་ཚོས་ཤེས་དགོས་པ་མ་ཟད་། ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་གསུངས་ཤིང་། ཁོང་གི་ཐུགས་ཁྲལ་གནང་ས་གཙོ་བོ་དེ་ང་ཚོའི་ཡབ་མེས་ནས་བརྒྱུད་པའི་ཡ་རབས་ཀྱི་གོམས་གཤིས་ཡག་པོ་དེ་དག་རེ་རེ་བཞིན་མི་རབས་བརྗེས་ཀྱིན་ཉམས་བཞིན་ཡོད་པ་དེ་ཡིན་ཞིང་། ང་ཚོའི་ཕ་མ་སོགས་ཀྱིས་ཆེད་དུ་ནང་ཆོས་ལ་བསླབ་པ་སློབ་གཉེར་བྱས་མེད་མྱོང་མེད་ཀྱང་གོམས་གཤིས་དང་བསམ་བློ་གཏོང་སྟངས། ཡ་རབས་སྤྱོད་བཟང་སོགས་ལྷན་སྐྱེས་སུ་ཡོད་པ་ལྟ་བུ་རེད། དེའི་ཕྱིར་མི་རབས་གསར་བ་ཚོའི་རྒྱུད་ལའང་ཡ་རབས་གོམས་གཤིས་དེ་དག་འཇགས་ཐབས་ལ་ཕ་མ་ཚོས་འབད་པ་བྱེད་དགོས་པ་གལ་ཆེན་ཡིན་ཞིང་། ལྷག་པར་དུ་ཕྲུ་གུ་དག་ཆུང་ནས་བཟུང་ཞལ་འདོན་འདོན་རྒྱུ་དང་ཡ་རབས་གོམས་གཤིས་སོགས་ལོབ་དུ་འཇུག་དགོས་པ་དང་། སུད་སི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལྟར་ཁྲིམས་བཅའ་དགོས་ཤིང་སློབ་གསོ་མང་ཙམ་གཏོང་དགོས་པ་གལ་ཆེན་དུ་དགོངས་ཀྱི་ཡོད་པ་དང་། ང་ཚོ་ཚང་མས་ཡིད་གཟབ་བྱས་ཏེ་ལེགས་ཉེས་བླང་དོར་མ་ནོར་བ་བྱེད་དགོས་སོགས་ལམ་སྟོན་མང་པོ་གནང་བྱུང་།

སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་བོད་དོན་སློབ་གསོ་ཟེར་བའི་བརྗོད་གཞི་བྱས་ཏེ་བཀའ་སློབ་གནང་ཞིང་། སྐྱབས་བཅོལ་བོད་མི་ཚོའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ནི་གཞིས་ལུས་བོད་མིའི་མགྲིན་ཚབ་ལྟ་བུ་ཡིན་པས་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་བྱས་ཏེ་བོད་ནང་གི་གནས་སྟངས་ཉག་ཕྲ་བ་སོགས་འཛམ་གླིང་མི་མང་དང་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་གསེང་ཞུ་དགོས་པའམ་བརྡ་གསལ་བོ་ཞིག་འཕྲོད་རྒྱུ་དེ་ང་ཚོ་སྐྱབས་བཅོལ་ལ་ཡོང་དགོས་པའི་དམིགས་ཡུལ་ངོ་མ་དེ་ཡིན་པས་ཚང་མས་མཉམ་རུབ་བྱེད་དགོས་ལ། ང་ཚོར་བཟང་ཆ་མང་པོ་ཡོད་པ་བཞིན་ཞན་ཆའང་མང་པོ་ཡོད། ང་ཚོ་སྐྱབས་བཅོལ་ལ་འབྱོར་ཏེ་སྐད་ཡིག་རྒྱུད་འཛིན་མ་ཐུབ་ཅིང་། རིགས་རྒྱུད་མཉམ་བསྲེས་བྱས་ཏེ་ནམ་ཞིག་རང་ཉིད་ཀྱང་སྐྱབས་ཡུལ་གྱི་སྤྱི་ཚོགས་དེར་ཐིམ་ནས་འགྲོ་བཞིན་ཡོད་པ་སོགས་དངོས་ཡོད་གནས་ཚུལ་ཡིན་པས་ཚང་མས་ལྷོད་གཡེང་མི་བྱེད་པར་ཏན་ཏན་བློ་རིག་བསྒྲིམ་དགོས་པའི་དུས་ལ་སླེབས་འདུག་སོགས་གསུངས་ཤིང་། དེང་སང་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་བྱེད་གནང་མཁན་གྱི་ཕྱི་གླིང་བ་ཇེ་མང་ནས་ཇེ་མང་ཡིན་ཕྱིར། ང་ཚོས་ཧ་ཅང་གཟབ་ནན་བྱས་ཏེ་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་མ་བྱས་ཚེ་ཅུང་མི་འགོར་བར་ང་ཚོའི་བུ་ཕྲུག་ཚོའི་བུ་ཕྲུག་གི་སྐབས་སུ་ཁོང་ཚོས་ཕྱི་རྒྱལ་བ་ཚོའི་མདུན་ནས་ཚུར་ནང་ཆོས་ཞུ་བ་དང་། བོད་སྐད་ཡིག་སློབ་སྦྱོང་བྱ་དགོས་པའི་ཉེན་ཁ་ཆེ་བ་སོགས་ཚོར་ཤུགས་ཆེན་པོས་ངང་གསུངས་བ་མ་ཟད། བོད་མི་རིགས་ཀྱི་གཞི་རྩ་ངོ་མ་དེ་སྐད་ཡིག་གཉིས་ཡིན་པས་གལ་སྲིད་སྐད་ཡིག་ཉམས་རྒུད་ཕྱིན་རྗེས་སླར་གསོ་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་ཞིག་ཡིན་ཞིང་། སྐད་ཡིག་ཞིབ་འཇུག་པ་ཚོས་འཛམ་གླིང་སྐད་ཡིག་ཉམས་རྒུད་ཀྱི་ལོ་རྒྱུས་ཟིན་ཐོར་བྲིས་པ་ལྟར་ན་ལོ་བཅུའི་ནང་ལ་སྐད་ཡིག་གཅིག་སྟོང་ལྷག་ཉམས་ཟིན་པའི་ལོ་རྒྱུས་བྲིས་ཡོད་པ་བཞིན་ང་ཚོའི་སྐད་ཡིག་འདིའང་ཉམས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བས་ང་ཚོས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་འབད་པ་དང་དུ་ལེན་དགོས་ལ།བོད་མི་རིགས་ཀྱི་སྐད་ཡིག་ནི་བོད་པའི་སྲོག་རྩ་ལྟ་བུ་ཡིན་པས་གལ་སྲིད་སྐད་ཡིག་འདི་ཉམས་སོང་ན་ང་ཚོའི་སྲོག་རྩ་ཆད་པ་དང་གཅིག་མཚུངས་ཡིན་པས། ཕ་མ་ཚོས་ངེས་པར་དུ་མི་རེ་ངོ་རེ་ནས་འགན་ཁུར་དང་བླངས་ཏེ་རང་ཉིད་ཀྱི་བུ་ཕྲུག་རེ་རེའི་མི་ཚེའི་མདུན་ལམ་ཆེད་དུས་ཚོད་དང་འགྲོ་སོང་མང་ཙམ་གཏང་དགོས་པ་དང་བོད་སྐད་ཡིག་དང་ཡ་རབས་གོམས་གཤིས་སོགས་ངེས་པར་དུ་བསླབ་རོགས། ད་དུང་བོད་ཀྱི་གནའ་དེང་ལོ་རྒྱུས་ཤེས་དགོས་ཤིང་ལྷག་པར་དུ་དབུ་མའི་ལམ་གྱི་སྐོར་ལ་ཞིབ་འཇུག་དང་ཤེས་རྟོགས་བྱ་རྒྱུ་གལ་འགངས་ཆེ་ཚུལ་སོགས་གསུངས་ཏེ་དྲི་བ་དྲིས་ལན་དང་བཅས་མཇུག་སྒྲིལ་བྱུང་།
གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སམས་རགས།