༄༅།།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་གནམ་ལོ་གསར་དུ་བཞད་པའི་རྟེན་འབྲེལ་མཛད་སྒོ་དང།༸སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་ཞུས་པ།

དེ་ཡང་༢༠༡༦ཟླ་༢ཚེས་༡༣རེས་གཟའ་སྤེན་པའི་ཉིན་རྒྱབ་ཕྱག་ཚོད་༡༣།༠༠ཐོག་ས་གནས་སྦན་དུ་ས་གནས་མི་མང་རྒན་པ་༡༨༥་དང་ན་གཞོན་རང་ལོ་༧་ནས་༡༦་བར་༡༠༣་བཅས་ཁྱོན་སྡོམས་མི་གྲངས་༢༨༨་ཙམ་ལྷན་འཛོམས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས་ཏེ་མཇལ་ཁ་ཞུས།  དེ་རྗེས་རིམ་བཞིན་བཞུགས་གྲལ་དུ་འཁོད་མཚམས་ཚང་དབུས་བོད་མི་ཡི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཞབས་རིམ་གཙོ་བོ༸རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་སྔགས་སྒྲོལ་མ་དེེ་བཞིན་སྒྲོལ་མ་ཡི་གཟུངས་སྔགས་གསོག་སྒྲུབ་གནང་སྐབས་སུ་རང་སྲོལ་ལོ་གསར་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

ལོ་གསར་གྱི་ཆོས་ཕྱོགས་མཛད་སྒོ་དང་སྟབས་བསྟུན་མི་མང་ཧ་ཅང་མང་པོ་ཕེབས་འཛོམས་ཡོད་པ་བཅས་གཙོ་བོ་གོང་གསལ་ཞབས་རིམ་ཁག་གསོག་སྒྲུབ་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་གནང་རྗེས་མུ་མཐུད་ནས་༸རྒྱལ་བའི་མཚན་སྔགས།    སྨན་བླའི་གཟུངས་སྔགས།སྒྲོལ་མའི་གཟུངས་སྔགས་བཅས་གྲངས་གསོག་ཆུ་ཚོད་གཅིག་ཙམ་གནང་རྗེས་ས་གནས་སྦན་བོད་སློབ་ནས་༸རྒྱལ་བའི་བཀྲིན་ཞེས་པའི་གཞས་གཏོང་གནང་བ་དང་དེ་ནས་གཞས་པ་གཞས་མ་ནས་ཀྱང་གཞས་གཏོང་གནང་སོང་།  དེ་ནས་ས་གནས་འཐུས་མི་ནས་གསལ་བསྒྲགས་དང་འབོད་བསྐུལ་སོགས་བྱས།  མུ་མཐུད་ན་གཞོན་ཁག་ནས་གཞས་གཏོང་བ་དང་འཁྲབ་པ་སོགས་གནང་།  

དགོང་མོ་ཆུ་ཚོད་༡༨།༠༠ལ་ཞལ་ལག་འདེགས་འབུལ་གནང་།   བསྟན་འཛིན་ཤེལ་དཀར་ལགས་ཀྱིས་་མཇུག་བསྡོམས་ཐུགས་རྗེ་ཆེ་ཞུའི་རྗེས་མི་མང་ཚང་མས་མཉམ་རུབ་ཀྱིས་གཙང་མ་བཟོས་པ་བཅས་དེ་ཉིན་གྱི་ལས་རིམ་མཇུག་སྒྲིལ་ཞུས།  གནས་ཚུལ་འགོད་པོ་དཔལ་ལྡན་དཔལ་ཁང་ནས་༢༠༡༦ཟླ་༢་ཚེས་༡༤་ལ།། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།