བོད་ཟས་སྦྱིན་གཏོང་དང་བོད་དོན་དྲིལ་བསྒྲགས།

ཕྱི་ལོ༢༠༡༣ ལོའི་ཟླ ༧ ཚེས ༢༠ ཉིན་སུད་སི་ནང་གནས་སྡོད་སྟག་ཚང་དཀོན་ཅོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་སུད་སི་གྲོང་ཁྱེར་ལུ་རྫན་ནང་བོད་ཟས་སྦྱིན་གཏོང་གིས་བོད་དོན་དྲིལ་བསྒྲགས་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་ཡོད་འདུག

ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་ལོ་གཅིག་རིང་མུ་མཐུད་སྤེལ་བཞིན་པའི་སྐབས་འདིར། གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ལུ་རྫན་ནང་གི་ས་གནས་ Emmenbrück ནང་སུད་སི་མི་མང་རྣམས་ལ་བོད་ཟས་ཤ་པག་ལེབ་སྦྱིན་པ་གཏོང་ཞོར་བོད་ཀྱི་ཛ་དྲག་གི་གནས་བབ་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་མེར་སྲེག་གི་རྒྱུ་རྐྱེན་ངོ་སྤྲོད། སྦྱར་བྱང་སོགས་སྦྱར་འགྲེམས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་གནང་སྟེ་བོད་དོན་དྲིལ་བསྒྲགས་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་ཡོད་འདུགལས་འགུལ་སྤེལ་མཁན་སྟག་ཚང་དཀོན་་ཅོག་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་གནས་སྟངས་ངོ་སྤྲོད་གནང་དོན། ངེད་ཁྱིམ་ཚང་གཉིས་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་ཐེངས་གཉིས་དང་། དེ་བཞིན་ལོ་གཅིག་རིང་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་ཀྱང་ད་ལྟ་འགྲོ་བཞིན་པ་ཡིན། དེ་རིང་འདིར་བོད་ཟས་སྦྱིན་པ་གཏོང་ཞོར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི། བོད་ཟས་སྦྱིན་པ་གཏོང་ཞོར་བོད་དོན་དྲིལ་བསྒྲགས་བྱས་ན་བོད་གནས་ཡིག་ཆ་ཁག་ལ་མི་མང་གིས་དོ་སྣང་དམིགས་བསལ་བ་སླེབས་ཡོང་སྙམ་པས་ཡིན་ལ། བོད་ཟས་སྦྱིན་གཏོང་དང་མཉམ་དུ་བོད་དོན་འགྲེལ་བཤད་བརྒྱབ་པ་ཡིན་ན་ཕྱི་རྒྱལ་བ་ཚོས་དོ་སྣང་ཡག་པོ་ཡོང་གི་འདུག ཐེངས་འདིའི་ལས་འགུལ་ནང་སྔོན་མ་དང་མ་འདྲ་བར་ཡིག་ཆ་ཁག་ལ་དོ་སྣང་སྤྲོད་མཁན་དང་བོད་དོན་ལ་རྒྱབ་སྐྱོར་ཀྱི་རྣམ་འགྱུར་སྟོན་མཁན་ཅུང་མང་ཙམ་བྱུང་སོང་ལ། ས་གནས་རང་ནས་བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་གྲངས་བཞི་བརྒྱ་ལྷག་འགྲེམ་སྤེལ་ཐུབ་སོང་། ཞེས་འགྲེལ་བརྗོད་གནང་སོང་།

ལས་འགུལ་སྤེལ་མཁན་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ལགས་སུ་སུད་སི་ནང་བོད་མི་མང་པོ་ཞིག་གིས་ལས་ཀ་དང་དུས་ཚོད་ཀྱི་དབང་གིས་འདི་ལྟར་ལས་འགུལ་སྤེལ་ཐུབ་ཀྱིན་མེད་ཀྱང་། ཁྱེད་ནང་མི་གཉིས་ཀྱིས་མུ་མཐུད་ལས་འགུལ་འདྲ་མིན་དང་ལས་འགུལ་རྒྱུན་རིང་སྤེལ་གྱིན་པར་དཀའ་ངལ་དམིགས་བསལ་བ་འཕྲད་ཀྱིན་ཡོད་དམ། ཅེས་དྲིས་པར། སྤྱིར་བཏང་སུད་སི་ནང་ལས་ཀ་བརྒྱ་ཆའི་བརྒྱ་བྱེད་མཁན་ཚང་མར་ཉིན་གཉིས་རེ་གུང་གསེང་ཡོད་ཡོད་པ་རེད། དེ་བཞིན་ངེད་ནང་མི་ཚོས་ཀྱང་སོ་སོའི་གུང་གསེང་ཉིན་གཉིས་དེ་བེད་སྤྱོད་བཏང་ནས་ལས་འགུལ་སྤེལ་བཞིན་ཡོད། ང་ཚོ་བོད་པ་ཞིག་ཡིན་དུས་ང་ཚོར་ལས་འགན་ཐོལ་བ་རེ་ཡོད་པ་་དང་། བོད་མིའི་ལས་འགན་དེ་ཅིས་ཀྱང་བསྒྲུབ་དགོས་པའི་ཐད་་༧གོང་ས་མཆོག་གིས་ནམ་རྒྱུན་བཀའ་སློབ་ཕེབས་བཞིན་པ་ལྟར། སོ་སོའི་ལས་ཀ་ཉིན་ལྔ་ལ་བྱས་རྗེས་བདུན་ཕྲག་གཅིག་ནང་ཉིན་གཉིས་དེ་བོད་དོན་ཆེད་གཏོང་དགོས་ཀྱི་རེད་དྲན་ནས་འགྲོ་སོང་གང་ཡོད་ངེད་ནང་མི་གཉིས་ཀྱིས་བཏང་སྟེ་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་ངེད་གཉིས་ལ་དཀའ་ངལ་ཞིག་ཡོད་པ་ནི་རྒྱ་སྐད་དང་འཇར་མན་སོགས་ཚད་ལྡན་མི་ཤེས་པ་དེ་རེད། དེ་བས་བོད་ཀྱི་གནས་བབ་འགྲེལ་བརྗོད་བྱེད་སྐབས་ཏོག་ཙམ་དཀའ་ངལ་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་སོང་།

ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་འགྲོ་བཞིན་པ་ཡོད་འདུག་པ་དང་། གོང་ཟླའི་ཕྱི་ཚེས ༡༧ ཉིན་ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་དུ་དོན་ཞུ་གཏུག་ལས་འགུལ་ཐེངས་བཅོ་ལྔ་བ་དེ་སྤེལ་ཡོད་པ་དང་། ཐེངས་བཅོ་ལྔ་བའི་ལས་འགུལ་ཁྲོད་ནང་མི་གཉིས་ཀྱི་ཕྲུ་གུ་རྣམས་མཉམ་ཞུགས་ཞུས་ཐོག ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་མཉམ་ཞུགས་གནང་སྟེ་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་འདུག ཐེངས་བཅོ་ལྔ་བའི་ལས་འགུལ་འདིའི་ནང་བོད་ཀྱི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་ཀྱི་ཡིག་ཆ་དབྱིན་ཡིག་དང་། རྒྱ་ཡིག འཇར་མན། ཧྥ་རན་སི་བཅས་ཀྱི་ནང་བསྒྱུར་ཏེ་ཡིག་ཆ་གྲངས་ལྔ་བརྒྱ་ལྷག་འགྲེམས་སྤེལ་གནང་ཡོད་འདུག་པ་དང་། བོད་ཀྱི་རྒྱལ་དར་མང་པོ་སྒྲེང་འཛུགས་བྱས་ཏེ་ཕྱི་རྒྱལ་སྤྲོ་འཆམ་པ་རྣམས་དང་། ཁྱད་པར་རྒྱ་རིགས་སྤྲོ་འཆམ་པ་ཚོར་ཆེད་དམིགས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་འདུག ཐེངས་འདིའི་ལས་འགུལ་འདིའི་ནང་ཐེ་ཝན་ནས་ཕེབས་པའི་རྒྱ་རིགས་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གནང་ཡོད་འདུག་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་མི་མང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མང་པོ་ཞིག་ལ་བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་སྟེ་བོད་དོན་དྲིལ་བསྒྲགས་གནང་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སམས་རགས།