བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་མཆོག་གིས་སུད་སུའི་ས་གནས་USTER་ཚོགས་ཁང་ནང་བོད་མི་སྟོང་ཕྲག་བརྒལ་བར་བཀའ་སློབ་གསུང་བཤད་གནང་པ།

༢༠༢༡།༡༡།༠༦ རེས་གཟའ་སྤེན་པ།
ལས་རིམ་གྱི་ཐོག་མར་ཕེབས་བསུ་གཟབ་རྒྱས་ངང་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་ཁང་ནང་གཟབ་རྒྱས་ངང་གདན་འདྲེན་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་(Voluntary Tibetan Advocacy Groups V-TAG) ཞེས་པ་དབུ་འབྱེད་དང་ལས་འགུལ་འདིས་འགན་འཛིན་ཕྱི་དྲིལ་ལས་ཁུངས་ནས་ཡིན་པ་འབྲུག་བསྟན་སྐྱིད་ལགས་ཀྱིས་ལས་འགུལ་དེ་ངོ་སྤྲོད་དང་འབྲེལ་ནས་གསུངས་དོན་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ས་གནས་སོ་སོའི་འགྲོ་སྟངས་འགྲོ་ལུགས་དང་སྐད་ཡིག་ཤེས་ཀྱི་ཡོད་སྟབས། དེར་དམིགས་ནས་སྐབས་ ༡༦ པའི་བཀའ་ཤག་གིས་ལས་གཞི་གསར་པ་དང་བླངས་བོད་ཀྱི་ཞུ་གཏུག་ལས་འགུལ་ཞེས་པ་ཞིག་བརྩམས་ཡོད་ཅེས་དང་། བོད་མི་ཚོ་དང་ལྷག་པར་བོད་པའི་གཞོན་སྐྱེས་རྣམ་པ་ཚོས་སྐབས་ ༡༦ པའི་བཀའ་ཤག་གི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་གང་མང་མཉམ་ཞུགས་གནང་རོགས་་ཞེས་གསུངས་སོང་།

དེ་ནས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་དགའ་བསུའི་གསུང་བཤད་དང་། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་དོན་ཁང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་གནང་རྗེས་སུད་སི་བོད་རིགས་མི་མང་ཟློས་གར་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་དོན། དང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་རིས་སུ་མ་ཆད་པའི་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། འདིར་ཚོགས་མགོན་དུ་ཕེབས་པའི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོ་བོར་གྱུར་བའི་ལུང་པ་གཞན་ནས་ཕེབས་པའི་མང་ཚོགས་ཡོངས་ལ་བཀའ་ཤག་སྐབས་ ༡༦ པ་དང་སྒེར་གྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བར་ལམ་ང་ཚོའི་སྤྱི་ཚོགས་ཁྲོད་གནས་ཚུལ་ཕྲན་བུ་ཆགས་པའི་རྒྱུ་མཚན་ལ་བརྟེན་བོད་ནང་གི་བོད་མིར་ཐུགས་ཕམ་ཤུགས་ཆེན་པོ་དང་ཐུགས་འཚབ་མང་པོ་བྱུང་ཡོད། དེར་བཟོད་གསོལ་ཞུ་རྒྱུ་དང་མ་འོངས་པ་དེ་རིགས་མི་ཡོང་བའི་ཆེད་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འབད་འབུངས་གང་ཡོད་ཞུ་རྒྱུ་ཡིན་ཞེས་དམ་བཅའི་ཚུལ་དུ་གཞིས་ལུས་བོད་མི་ཚོར་བརྡ་ཞིག་ཕུལ་ན་བསམ་བྱུང་ཞེས་གསུངས་སོང་།
སྲིད་སྐྱོང་མཆོག་གི་བཀའ་སློབ་འགའ་ཟུར་བཏོན་བྱས་ན་་རིམ་བཞིན་བཀའ་བློ་ཡོངས་བསྐོ་བཞག་གྲུབ་ན་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། དེ་བཞིན་རྒྱལ་ཁབ་གཞན་དབར་འབྲེལ་བ་དང་། སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་ཐོག་དུས་ཚོད་ཕོན་ཆེན་གཏང་རྒྱུ་ཡིན། རྣམ་པ་ཚོས་ཡིད་ཆེས་གནང་བ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་གཞི་ལ་བཞག་པའི་ཐོག་ལས་ཀ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
བོད་ནང་རང་དབང་སླར་གསོ་ཡོང་སླད་བོད་ཀྱི་ལོ་རྒྱུས་བཀླགས་ཏེ་ཞིབ་ཚགས་པོ་ཤེས་ཐུབ་པ་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཡིན་པ། ཡུལ་ལུང་འདྲ་མིན་གྱི་མི་སེར་ཡིན་པ་དང་། སྐད་ཡིག་དང་སྲིད་གཞུང་འདྲ་མིན་གྱི་འགྲོ་སྟངས་སོགས་ཤེས་མཁན་གྱི་བོད་མི་སྤྱི་དང་། ལྷག་པར་བོད་པའི་གཞོན་སྐྱེས་རྣམ་པས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་གཞི་ནང་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་དང་། རྒྱལ་སྤྱིའི་གནས་བབས་དང་མཐུན་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབས་ལ་དོ་སྣང་བྱེད་དགོས་པ་སོགས་གལ་ཆེན་ཡིན་པ་གསུངས་སོང་།

ལས་གཞི་གསར་པ་གང་སྤེལ་ཡང་གྲངས་ཐོ་གཞིར་བཞག་ཐོག་སྤེལ་རྒྱུ་ཡིན་པས་སྐབས་༡༦ པའི་བཀའ་ཤག་ལ་མཚོན་ན་གྲངས་ཐོ་དེ་གལ་ཆེན་ཡིན་ཚུལ་སྐོར་ཡང་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་གསུངས་དོན། ང་ཚོ་ཚང་མས་བོད་ནང་གི་གནས་ཚུལ་ཞིབ་འཇུག་དང་། རྒྱ་ནག་ནང་གི་གནས་ཚུལ་ཞིབ་འཇུག  རྒྱལ་སྤྱིའི་གནས་ཚུལ་ཞིབ་འཇུག དེ་བཞིན་ང་ཚོ་བཙན་བྱོལ་བོད་མིའི་གནས་བབ་སོགས་ཀྱི་ཐད་ཞིབ་འཇུག་དང་རྒྱུས་ལོན་བྱས་ནས་བོད་ཀྱི་རྩ་དོན་ཆེད་རྡོག་རྩ་གཅིག་སྒྲིལ་བྱེད་་རྒྱུ་གལ་ཆེན་པོ་ཡིན་པ་ལས་ནང་ཁུལ་དུ་ཕྱོགས་རིས་འཐེན་འཁྱེར་བྱས་ན་ཁེ་ཕན་སུ་གཅིག་ལའང་མེད་ཚུལ་གསུངས་སོང་།

དེ་རིང་གི་མཛད་སྒོའི་ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་དབུས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་དང་ཕྱག་རོགས་ལས་བྱེད་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པ། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ཛུ་རིག་གཙོ་བོར་གྱུར་བའི་སུད་སིར་གནས་སྡོད་བོད་མི་མང་ཚོགས་ཆིག་སྟོང་བརྒལ་བ་ཞིག་མཉམ་ཞུགས་གནང་འདུག

དེ་ཉིན་སྔ་དྲོ་སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་རྣམ་པ་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་མ་ཟད། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་དང་ཐུག་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས། དེ་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་། གཞོན་སྐྱེས་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག ལྷག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམ་པ་ཚོས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་བཞུགས་གནང་སྟེ་རང་ནུས་གང་ཡོད་བོད་སྤྱི་པའི་རྩ་དོན་ཆེད་འདོན་དགོས་པའི་ལམ་སྟོན་གནང་ཡོད་འདུག

གསར་འགོད་པ་དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སམས་རགས།