བོད་མིའི་སྐྱིད་སྡུག་ཉམས་མྱོང་ལས་འགུལ་གྱི་ལས་བསྡོམས།

ཕྱི་ལོ་༢༠༡༡ ནས་༢༠༡༧ བར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་གྱི་ལས་བསྡོམས།

 

༡༽ གོམ་བགྲོད་ལས་འགུལ་ཐེངས་དང་པོ།

ཕྱི་ལོ་༢༠༡༡ཟླ་༡༡ཚེས་༩ཉིན་འགོ་འཛུགས་ཀྱིས་ཉིན་༡༣རིང་འབར་བཞིན་པའི་བོད་ཀྱི་ཆེད།སུད་སི་གྲོང་ཁྱེར་ལུ་རྫན་ནས་ཇི་ནེ་ཝ་རྒྱལ་ཚོགས་བར་ཁྱིམ་ཚང་གསུམ་གྱིས་བཀོད་སྒྲིག་འོག ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་བོད་མི་བདུན་མཉམ་ཞུགས་གནང་སྟེ་ཐོག་མའི་ལས་འགུལ་སྤེལ། 

 

༢༽གོམ་བགྲོད་ལས་འགུལ་ཐེངས་གཉིས་པ།

ཕྱི་ལོ༢༠༡༢ཟླ་༡༢ཚེས་༤ཉིན་སླར་ཡང་ཁྱིམ་ཚང་གསུམ་གྱིས་གོ་སྒྲིག་འོག་ཉིན་ ༧ རིང་། སུད་སིའི་རྒྱལ་ས་སྦེརན་ནས་འབར་བཞིན་པའི་བོད་ཀྱི་ཆེད། བོད་མི་བཅུ་གསུམ་མཉམ་ཞུགས་ཀྱིས་ཇི་ནེ་ཝ་རྒྱལ་ཚོགས་བར་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་ལས་འགུལ་ཐེངས་གཉིས་པ་སྤེལ།

 

༣༽ རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ།

ཕྱི་ལོ༢༠༡༢ཟླ༡༢ཚེས༡༠ཉིན་ཁྱིམ་ཚང་གཉིས་ཀྱིས་འགོ་འཛུགས་ཏེ་ཇི་ནེ་ཝ་རྒྱལ་ཚོགས་སུ། བོད་བསྟན་སྲིད་མི་རིགས་སོགས་ཀྱི་དོན་དུ་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་བསྲེགས་གཏོང་མཁན། རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་།བོད་ཀྱི་གནས་བབ་འཁོད་པའི་ཡིག་ཆ་འགྲེམ་སྤེལ།དེ་ཡང་ལྷག་དཀར་སྲུང་བརྩིའི་སྒོ་ནས་མུ་མཐུད་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༧༢སྤེལ་ཟིན་ཡོད།  ད་ཆ་ལས་འགུལ་འདི་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཡོད། 

 

༤༽ ལུ་ཛན་གྲོང་ཁྱེར་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ།

༢༠༡༣ ཟླ་ ༥ ཚེས་ ༢༢ དང་ཟླ་༧ ཚེས་ ༢༠ ཉིན་སུད་སི་ས་གནས་ལུ་རྫན་གྲོང་ཁྱེར་ནང་ལྷག་དཀར་སྲུང་བརྩིའི་ལམ་ནས་བོད་བསྟན་སྲིད་མི་རིགས་སོགས་ཀྱི་སླད། བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་

རྒྱལ་དར་སྒྲེང་འཛུགས་དང་།བོད་དོན་ཡིག་ཆ་འགྲེམ་སྤེལ་གྱི་སྒོ་ནས་བོད་དོན་དྲིལ་བསྒྲགས་ལས་འགུལ་ཐེངས་གཉིས་སྤེལ་ཡོད།

 

༥༽ ས་གནས་སྲིད་གཞུང་དང་སུད་སིའི་གྲོས་ཚོགས་ལ་བོད་དོན་ཞུ་གཏུག ཕྱི་ལོ་༢༠༡༣གྱི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་སུད་སིའི་ས་གནས་སྲིད་གཞུང་ ༨༣ དང་། ས་གནས་ལུ་རྫན་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་སུད་སིའི་གྲོས་ཚོགས་བཅས་ལ་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་ཞུ་གཏུག་དང་དེ་དག་གི་མདུན་བོད་དོན་ལ་རྒྱབ་སྐྱོར་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་འབོད་སྐུལ་བྱས། 

 

༦༽ གླིང་ལྔའི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ།༢༠༡༥ ལོར་སུད་སིར་བཅའ་བཞུགས་གླིང་ལྔའི་གཞུང་ཚབ།  ཨེ་ཤེི་ཡ།ཨ་ཧྥི་རི་ཁ།ཨ་མེ་རི་རི་ཁ། ཨོ་ཙི་ནེན།ཡུ་རོབ། Asien/Afrika/Amerika/Ozeanien/European བཅས་ཀྱི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་ལ་རིམ་བཞིན་བོད་དོན་ཞུ་གཏུག་གི་ལས་འགུལ་༤ སྤེལ།

 

༧༽ མི་འབོར་འཕེལ་རྒྱས་ཀྱི་ལས་འགུལ།

ཕྱི་ལོ་༢༠༡༦ནང་དབུས་བུད་མེད་ཚོགས་པའི་མཐུན་འགྱུར་འོག རྒྱ་བལ་འབྲུག་གསུམ་ནང་ཕྲུ་གུ་མང་ཤོས་སྐྱེས་མཁན་ཁྱིམ་ཚང་གཉིས་ཀྱི་ཕ་མ་ལ་བོད་ཀྱི་མི་འབོར་འཕེལ་རྒྱས་སུ་བཏང་བར་ལེགས་གསོའི་ཆེད་ཧིན་སྒོར་༣༠༠༠༠ཕུལ་ཟིན་པ་དང་། ཕྱི་ལོ ༢༠༡༧ ཟླ ༡༢ ཚེས ༡༠ ཉིན་ཁྱིམ་ཚང་ལྔའི་ཕ་མའི་ཕྱག་ཏུ་ཧིན་སྒོར་ ༡༥༠༠༠ རེ་དངོས་སུ་ཕུལ་ཡོད་པ་བཅས་མི་འབོར་

འཕེལ་རྒྱས་ཀྱི་ལས་འགུལ་ཐེངས་གཉིས་སྤེལ།

 

༨༽ དོལ་ཚོགས་ལ་གདོང་ལེན་དང་༧་གོང་ས་མཆོག་ལ་ཕེབས་བསུའི་ལས་འགུལ།

༢༠༡༥ ཟླ་༢ ནང་སུད་སིའི་གྲོང་ཁྱེར་སྦ་སལ་དུ་༸གོང་ས་མཆོག་ལ་དོལ་ཚོགས་ཀྱི་ངོ་རྒོལ་བྱེད་སྐབས་རྒྱལ་དར་བརྒྱ་ཕྲག་བརྒལ་བ་དང་། གོང་ས་༧མཆོག་ལ་ཆེ་བསྟོད་ཀྱི་འཕྲེད་དར། དེ་བཞིན་མེ་ཏོག་གི་མཆོད་པ་སོགས་གོ་སྒྲིག་བྱས་ཏེ་དོལ་ཚོགས་ལ་གདོང་ལེན་དང་། ༧གོང་ས་མཆོག་ལ་ཕེབས་བསུའི་ལས་འགུལ་སྤེལ་ཡོད། 

 

༩༽ ཡུ་རོབ་མཉམ་འབྲེལ་དང་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ།

  ཕྱི་ལོ ༢༠༡༧ ཟླ ༠༥ ཚེས ༠༢ དང་ ༠༣ ཉིན་གཉིས་རིང་ལ་སྦེལ་ཇམ (Belgium Brussels) ནང་རྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་དང་གྲོས་ཚོགས་སུ་བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་གཙོས། ཆེས་ཛ་དྲག་གི་གནས་སྟངས་སོགས་དགོས་འདུན་དོན་ཚན་བཞི་ཅན་གྱི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ།རང་གཞུང་ཇི་ནེ་ཝ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་གཉིས་ཀྱིས་མཐུན་འགྱུར་དང་། དེ་བཞིན་སྦིར་ཟལ་སྐུ་ངོ་དོན་གཅོད་བཀྲིས་ཕུན་ཚོཊ་མཆོག་དང་རིག་འཛིན་སྒྲོན་གཉིས་ཀྱིས་མཐུན་འགྱུར་འོག་ཡུ་རོབ་གྲོས་ཚོགས་འཐུས་མི(chilly drizzle/ Csaba Sogor/ Ms Zsuzsana Ferenczy /Panzeri/ ThomasMann/ Mr Tunne Kelam ) ཁོང་རྣམས་དངོས་སུ་ང་ཚོའི་ལས་ལ་མཉམ་ཞུགས་དང་བོད་དོན་ཐོག་རྒྱབ་སྐྱོར་བཀའ་སློབ་ཟབ་རྒྱས་གནང་ཐུབ་པ་བྱུང་ཡོད། ད་དུང་སྦིར་སལ་སྐུ་ངོ་དོན་གཅོད་བཀྲིས་ཕུན་ཚོགས་མཆོག་དང་རིག་འཛིན་ཆོས་སྒྲོན་གཉིས་ལས་འགུལ་ལ་དངོས་སུ་བཅར་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། བོད་རིགས་ཚོགས་པ་དང་བུད་མེད། གཞོན་ནུ། དབུས་གཙང་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་འོག་ཉིན ༢ རིང་བོད་རིགས་ ༥༦ ཙམ་མཉམ་ཞུགས་གནང་སྟེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་གྲོས་ཚོགས་གཉིས་སུ་རིམ་བཞིན་ལས་འགུལ་ཐེངས་གཉིས་སྤེལ།

 

༡༠༽བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་བ་རྣམས་ཀྱིས་ཕྱི་ལོ་༢༠༡༡ ནས་ ༢༠༡༧ བར་ཁྱོན་བསྡོམས་ལས་འགུལ་མི་འདྲ་བ་ཐེངས ༨༦ སྤེལ་ཡོད།

 

ལས་འགུལ་འགན་འཛིན་སྟག་ཚང་ཆོས་སྒྲོན་གྱིས། ཕྱི་ལོ ༢༠༡༧ ཟླ ༡༢ ཚེས ༡༨ ལ། 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སམས་རགས།