བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་ས་གནས་སྦན་དུ་སྲུང་བརྩི་གནངས།

༄༅།།སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་ས་གནས་སྦན་དུ་སྲུང་བརྩི་གནངས་སོང་།

༡༠།༠༣།༢༠༢༢

མཛད་རིམ་གྱི་ཐོག་མར་སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགད་གཙོ་དང་ལས་འགུལ་གོ་སྒྲིག་པ་སྐར་མ་ཆོས་སྐྱིད་ལགས་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་གསུངས་དོན་ད་རེེས་ཡུག་ཀེ་རན་ལ་ཨུ་རུ་སུས་བཙན་འཛུལ་བྱས་ནས་ཡུལ་མི་ས་ཡ་གཅིག་ལྷག་བྲོས་བྱོལ་དུ་འགྲོ་བཞིན་པའི་ཡ་ང་བའི་གནས་སྟངས་གཅིག་མཚུངས་དེ་ལོ་ངོ་༦༣སྔོན་ང་ཚོའི་ཕ་ཡུལ་བོད་ནང་བྱུང་མྱོང་རེད། སྐབས་དེར་ང་ཚོའི་ཕ་མེས་ཡང་མེས་ཚོས་དཀའ་སྡུག་འདི་འདྲ་གཅིག་མཚུངས་མྱང་རེད།

བོད་ནི་རྒྱ་གཞུང་གིས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་བ་ཞིག་དང་དེ་ནས་བཟུང་བོད་ཀྱི་རིག་གཞུང་གཏོར་བཤིག  སྐད་ཡིག་རྩ་མེད། མི་རིགས་རྩ་་མེད། ཆོས་དད་རྩ་མེད་བཟོ་བ་སོགས་ཡ་ང་བའི་གནས་ཚུལ་འབྱུང་དང་འབྱུང་བཞིན་ཡོད། ཉིན་ཤས་སྔོན་བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་ཚེ་དབང་ནོར་བུས་བོད་ཀྱི་རྩ་དོན་ཆེད་རྒྱལ་ས་ལྷ་ས་རུ་རང་ལུས་མེར་བསྲེགས་བཏང་བ་སོགས་ནི་རྒྱ་ནག་གིས་བོད་ནང་བྱེད་སྟངས་ནས་བྱུང་བ་ཞིག་རེད། ད་ལྟའི་ཆར་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་སྟེང་གི་སྡུག་ཤོས་གཉིས་པ་དེ་རེད། ང་ཚོ་བོད་མི་ཚོས་ཡུག་ཀེ་རན་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཡོད་སོགས་གསུངས་སོང་།

དེ་ནས་སུད་སི་གྲོས་་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཧྥ་བྷན་མོ་ལེན་མཆོག་ནས་གསུངས་དོན་ང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བྱས་ནས་བཅར་བ་ཡིན།་་ཁྱེད་ཚོས་་ང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་མཛད་སྒོར་མགྲོན་འབོད་བྱས་བར་བཀའ་དྲིན་ཆེ་ཞུ་བ་དང་ང་དེར་མཉམ་ཞུགས་བྱ་ཐུབ་པར་དགའ་ཚོར་བྱུང་ཡོད།

ཁོང་གིས་སུད་སི་གྲོས་་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པར་གསུངས་འཕྲིན་གནངས་བ་སྒྲོག་རྒྱང་གནང་ད་ལྟ་ཡུག་ཀེ་རན་ནང་དཀའ་ངལ་འཕྲད་ནས་ཡུལ་མི་སྟོང་ཕྲག་མང་པོ་བྲོས་ཞོལ་དུ་འགྲོ་བཞིན་པའི་དཀའ་ངལ་གཅིག་མཚུངས་དེ་ལོ་ངོ་༦༣་སྔོན་བོད་ནང་བྱུང་ཟིན་པ་ཞིག་དང་བོད་འདི་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་བ་ཞིག་ཡིན་པ་དང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་འགྲོ་བ་མི་གཞན་དང་གཅིག་མཚུངས་ཀྱིས་རང་དབང་སྤྲོད་དགོས།

ཁོང་གིས་མུ་མཐུད་ནས་གསུངས་དོན་སུད་སི་གྲོས་ཚོགས་འཐུས་མི་ནང་ཡང་ཁྱེད་ཅག་གི་དགོས་འདུན་ངོ་སྤྲོད་དང་རིམ་བཞིན་སུད་སི་གཞུང་ལ་ཡང་བོད་དོན་ཐད་འབོད་སྐུལ་ཞུ་ཐབས་བྱ་རྒྱུ་ཡིན་སོགས་གསུངས་སོང་།

རེ་ཞིག་སྐད་འབོད་བྱས་བའི་རྗེས་ཡོ་རབ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོས་གསུངས་དོན་བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་ལས་འགན་རེད་མ་གཏོགས་བོད་མི་རེ་ཟུང་དང་བོད་མིའི་སྒྲིག་འཛུགས་གཅིག་པའི་ལས་འགན་མ་རེེད། རྩ་དོན་ཟེར་དུས་ཆབ་སྲིད་གཅིག་པུ་ཡང་མ་རེད། མི་སོ་སོར་ནུས་པ་དང་ཁྱད་ཆོས་ཡོན་ཏན་མ་འདྲ་རེ་ཡོད་པས་དེ་དག་ཕྱོགས་ཡོངས་ནས་བཏོན་དགོས་རེད་གསུངས་སོང་།

ཡང་བསྐྱར་སྐད་འབོད་གནམ་ས་འགུལ་བ་ཞིག་བྱས་རྗེས་སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་འོ་ཡས་མ་ཡས་གསུངས་དོན།

ལོ་ངོ་༦༢་སྔོན་གྱི་དེ་རིང་བོད་མི་སྟོང་ཕྲག་མང་པོས་ཞུ་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དམར་གསོད་ཁྲག་དྲི་བྲོ་བའི་ཡ་ལན་སློག་པ་རེད།་ལོ་ངོ་འདི་འདྲ་མང་པར་དམར་གསོད་དང་གཉའ་གནོན་ག་ཚོད་བྱས་ཀྱང་བོད་མིའི་སེམས་པ་དེ་རུང་བཙན་བཟུང་བྱ་ཐུབ་མེད་ལ་ཆོས་ལུགས་ག་ཚོད་ཀྱིས་རྩ་མེད་བཟོས་རུང་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་སྟངས་ལ་ཡང་འགྱུར་བ་གཏོང་ཐུབ་མེད། བོད་དང་ཡུག་ཀེ་རན་གྱི་གནས་སྟངས་གཅིག་པ་ཡིན་པས་གདུང་སེམས་་མཉམ་བསྐྱེད་ཡོད་སོགས་གསུངས་སོང་།

སྐུ་ངོ་དོན་གཅོད་མཆོག་ནས་བཀའ་ཤག་གི་གསུངས་འཕྲིན་ངོ་སྤྲོད་བྱེད་དོན་བོད་རྒྱ་མི་རིགས་དབར་སྲིད་པ་ཆགས་པ་ནས་བཟུང་ཁྱིམ་མཚེས་སུ་གནས་ཏེ་གཅིག་ཕན་གཅིག་གྲོགས་དང་། མཛའ་མཐུན་མཉམ་གནས་ཀྱི་བྱུང་རབས་ལོ་རྒྱུས་ལ་ངོས་ལེན་ཐོག  བོད་མི་རིགས་ཐེ་བའི་མི་རིགས་གཞན་གྱི་གཞི་རྩའི་ཐོབ་ཐང་ལ་འགན་ལེན་ཡོད་པའི་རྩ་ཁྲིམས་ལ་བརྩི་བཀུར་ཞུས་ཏེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་། བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་གཏོང་བའི་སྲིད་ཇུས་མཚམས་འཇོག་ཡོ་བསྲང་བྱེད་དགོས་ཤིང་། བོད་རྒྱ་མི་རིགས་གཉིས་དབར་འཁོན་འགྲས་འབྱུང་གཞིའི་བསམ་སྤྱོད་རྒྱང་དུ་དོར་ཏེ། བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས།

བོད་ནང་བསམ་བློའི་སློབ་གསོ་དང་། སྐད་གཉིས་ཤེས་ཡོན་སློབ་གསོ་ཟེར་བའི་སྲིད་བྱུས་ལག་བསྟར་བྱས་ཤིང་། བོད་ཕྲུག་འབུམ་ཕྲག་མང་པོ་རྒྱ་ནག་ཏུ་འཁྲིད་དེ་ཁྱིམ་མི་དང་འབྲེལ་བ་མེད་པར་སློབ་ཚན་ཆ་ཚང་རྒྱ་ཡིག་ཁོ་ནའི་ཐོག་སློབ་ཁྲིད་བྱས་ཏེ་བོད་ཕྲུག་རྣམས་རྒྱ་མིའི་ངོ་བོར་བསྒྱུར་རྒྱུ་དང་། བོད་མིའི་སྒེར་གྱི་སློབ་གྲྭ་ཁག་ཆེད་མངགས་སྒོ་རྒྱག་བཅུགས་ཏེ། དམར་པོའི་གཞུང་གི་སྲིད་བྱུས་དང་རྒྱ་གཞུང་གི་འགོ་ཁྲིད་ཚོའི་གཏམ་བཤད་ལ་སློབ་སྦྱོང་ཟུར་དུ་སྤྲད་དེ་མ་འོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་བྱེད་མཁན་མེད་པ་བཟོ་བཞིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ལས་ཀའི་གོ་སྐབས་ཧ་ལམ་ཐོབ་རྒྱུ་མེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་རྒྱ་གཞུང་ནས་བོད་ཁམས་བྲག་མགོ་རུ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཐུབ་དབང་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། མ་ཎི་དུང་འཁོར། སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། སླར་ཡང་རྙིང་མ་ཆ་ནང་དགོན་གྱི་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་གཏོར་བཤིག་བཏང་ཡོད། དུས་སྐབས་དེར་བྲག་མགོ་དགོན་པའི་མཁན་པོ་དཔའ་དགའ་སོགས་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་སོགས་བྱས་པ་དེ་དག་གིས་ནང་པའི་རྗེས་འཇུག་མང་པོའི་ཆོས་དད་རང་དབང་ལ་དོ་ཕོག་བཏང་བ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་རིག་གནས་གསར་བརྗེ་ཟེར་བའི་ངོ་བོ་བསྐྱར་སློག་བརྒྱབ་པ་ཞིག་ཏུ་གྱུར་ཡོད་པ་སོགས་གསུངས་སོང་།

དེའི་རྗེས་སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་བསྟན་འཛིན་དབང་འདུས་ཀྱིས་ཐུགས་རྗེ་ཆེའི་གསུངས་བཤད་དང་མཐའ་མ་དེར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་གསུངས་དོན། རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་རྩ་མེད་བཟོ་སྟངས་གསུངས་དོན།

པཎ་ཆེན་ཆུང་སྲིད་རིན་པོ་ཆེ། སྒོ་ཤེས་རབ་རྒྱ་མཚོ། རྩོམ་པ་པོ་རོང་པོ་དགེ་འདུན་ལྷུན་འགྲུབ། ཆབ་སྲིད་དཔྱད་བརྗོད་པ་མགོ་ལོག་གི་གདུ་ལྷ་ལྡན། གངས་སྐྱེས་སྒྲུབ་པ་སྐྱབས། རྔ་བ་འཕྲིན་ལས་འཚོ། བསམ་འགྲུབ། གངས་བུ་གཡུ་སྒྲོན། ཚེ་རིང་སྒྲོལ་མ། ཁམས་བྲག་མགོ་ཡི་རྩོམ་པ་པོ་གྲགས་ཅན་དུག་བཙན་སོགས་ལས་ཁ་ཤས་ཞིག་ལ་ལོ་མང་པོ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་ལས་མང་ཆེ་ཤོས་ཤིག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པར་ང་ཚོས་དོ་སྣང་བྱ་དགོས་ཀྱི་འདུག་སོགས་གསུངས་སོང་།

གསར་འགོད་པ་དབང་གྲགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སྡོམས་རོགས།