བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ཉིན་མོ།

༢༠༡༩ ལོའི་ཟླ་༣པའི་ཚེས་༡༠ རེས་གཟའ་ཉི་ཕྱི་དྲོའི་ཕྱག་ཚོད་༡༥།༠༠སྟེང་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་ཆིག་སྟོང་ཙམ་མངའ་སྡེ་འཛི་རིག་གི་ས་གནས་ Bürkliplatz ལ་མཉམ་འཛོམས་བྱས་ནས་གསུམ་བཅུ་དུས་དྲན་ཐེངས་དྲུག་ཅུ་པ་སྲུང་གཙི་གཟབ་རྒྱས་གནང་སོང་།

ལས་རིམ་གྱི་ཐོག་མ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་རྒྱུན་ལས་གཞི་སྲས་ཚང་བློ་བཟང་ལགས་ནས་འཚམས་འདྲིའི་གསུངས་བཤད་གནང་བ་ནས་ལས་རིམ་རྣམས་རིམ་གྱིས་འགོ་འཛུགས་བྱས་སོང་།

སུད་སི་དོན་གཅོད་གསར་པས་དཔལ་ལྡན་སྲིད་སྐྱོང་གི་ཡོངས་ཁྱབ་དུ་སྤེལ་བའི་གསུངས་འཕྲིན་ལྗགས་ཀློག་གནང་བའི་ནང་།
།ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། རྒྱ་གཞུང་གིས་བོད་ས་ཁྲིམས་འགལ་གྱིས་བཙན་བཟུང་དང་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་ཞི་བའི་སྒེར་ལངས་བྱས་པའི་བོད་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་ཞིང། ལྷག་པར་བོད་མི་ཚོའི་བློས་གཏོང་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང། རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚེས་ཤིག་ཀྱང་ཡིན། དེ་ཡང་དེ་རིང་གི་ཉིན་མོ་འདིར་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་དམར་གཞུང་གིས་བོད་མིར་བཙན་དབང་གདུག་རྩུབ་བྱས་པར། “བོད་ནི་བོད་མིའི་ཡིན། ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས།” ཞེས་སོགས་ཞི་བའི་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་པ་དང། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགྲ་ལག་ཏུ་མ་ཤོར་བར་སྲུང་སྐྱོབ་ཐུབ་ཡོད་པར་དགའ་སྤོབས་བྱེད་ཆོག་པའི་དུས་ཚིགས་ཤིག་དང། ལྷག་པར་དེ་རིང་ནི་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་དཔའ་བོ་དང་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་མྱ་ངན་རྗེས་དྲན་དང་གུས་བཏུད་ཞུ་རྒྱུའི་དུས་ཚིགས་ཤིག་ཀྱང་ཡིན་སོགས་དང་།

དེ་བཞིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུངས་འཕྲིན་ནང་་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང་། འཚེ་མེད་ཞི་བའི་ཐབས་ལམ་ནི་བོད་ཀྱི་བདེན་དོན་གསལ་བའི་ཐབས་ལམ་འབའ་ཞིག་ཡིིན་པ་བཅས་ལ་བརྟེན། དུས་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་གཞི་རྩར་བཟུང་སྟེ་བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སླད་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་གྲྭ་ཚང་། སློབ་གྲྭ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག གཞིས་ཆགས་ཁག་བཅས་སོ་སོའི་ནང་ཡོད་པའི་ལས་ཀྱི་སྣེ་མོ་བས་གཙོས་དགེ་བཙུན་རྣམས་དང་། སློབ་ཕྲུག གཞིས་མི་མང་ཚོགས་བཅས་ཚང་མས་བོད་ཀྱི་བདེན་མཐའ་མ་གསལ་བར་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སོ་སོར་འཁྲིས་པའི་ལས་འགན་རྣམས་འཐུས་ཤོར་མེད་པར་རྒྱུན་སྲིང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སོགས་གསུངས་གནང་སོང་།

ཐེངས་འདིའི་ལས་འགུལ་ནང་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒུབ་སྐྱོར་པ་འགའ་ཡང་མཉམ་་ཞུགས་ཀྱིས་བོད་མི་རྣམས་ལ་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་ཀྱི་གཏམ་བཤད་གནང་སོང་།་ལས་འགུལ་མཐམ་མ་དེ་རྒྱ་ནག་གི་གཞུང་ཚབ་ཁང་མདུན་ནས་ཕྱག་ཚོད་༡༨།༠༠སྟེང་མཇུག་བསྡོམས་བྱས་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།