བོད་མི་མང་སྤྱི་འཐུས་སྐུ་ཚབ་བཞི་རི་ཀོན་བོད་ཡིག་གཟའ་མཇུག་སློབ་གྲྭར་འཚམས་གཟིགས།

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་འཁྲིད་པའི་སྤྱི་འཐུས་སྐུ་ཚབ་བཞི་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༡༩ རེས་གཟའ་ཉི་མ་ཉིན་གྱི་ཞོགས་པ་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་ཆོས་མཇལ་ཟིན་པ་དང་། རི་ཀོན་བོད་རིགས་མི་མང་ཚོགས་ཆུང་གི་ངོས་ནས་སྐུ་ཚབ་རྣམ་པ་བཞི་དང་ཉིན་དེའི་སྐུ་མགྲོན་རྣམ་པར་ཉིན་དགུང་གསོལ་ཚིགས་འདེགས་འབུལ། སྐུ་ཚབ་རྣམ་པ་བཞི་པོར་ཚོགས་ཆུང་གི་ངོས་ནས་སྟོང་མིན་ཙམ་ཕྱག་རྟགས་རེ་རེ་ཕུལ། ཉིན་དགུང་གསོལ་ཚིགས་གྲུབ་མ་ཐག་ཕྱག་ཚོད་ ༡༣།༠༠ ཐོག་སུད་སིར་ཡོད་པའི་རི་ཀོན་བོད་ཡིག་གཟའ་མཇུག་སློབ་གྲྭར་མཚམས་གཟིགས་ཏུ་ཕེབས། ཐོག་མ་སློབ་གྲྭའི་དགེ་རྒན་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས།  སློབ་གྲྭ་དེའི་བྱུང་རབས་ངོ་སྤྲོད་མདོར་བསྡུས་ཤིག་དང་སློབ་མ་ཚོར་བོད་ཡིག་སློབ་འཁྲིད་ཇི་ལྟར་གནང་ཕྱོགས་ཀྱི་སྙན་སྒྲོན་ཞུས་མཚམས། སློབ་ཕྲུག་རྒན་ཆུང་བསྡོམས་པའི་གྲངས་ ༣༢ ཙམ་གྱི་བོད་ཡིག་གི་གནས་ཚད་ལ་སྐུ་ཚབ་ཚོགས་མི་རྣམ་པས་རྟོགས་ཞིབ་གནང་། གཟའ་མཇུག་སློབ་གྲྭའི་རིག་གཞུང་དགེ་རྒན་ཟམ་མདོ་བསོད་ནམས་སྒྲོལ་མ་ལགས་དང་བོ་ཧེ་ཚང་སྐལ་བཟང་ལགས་གཉིས་ཀྱིས་སློབ་མ་ཚོར་བོད་གཞས་སློབ་འཁྲིད་གནང་གི་ཡོད་པས། དེ་ཉིན་སློབ་ཕྲུག་ཚང་མས་བོད་ཆས་གཙང་གྱོན་གྱིས་སྐུ་ཚབ་རྣམ་པར་གཞས་སྣ་མི་འདྲ་བ་བཞི་སྤྱན་འབུལ་ཞུས། སློབ་ཕྲུག་ཚོའི་འཁྲབ་གཞས་གཟིགས་འབུལ་ལ་སྐུ་ཚབ་རྣམ་པ་བཞི་དང་། སྐུ་མགྲོན་རྣམས་པ་ཐུགས་དགྱེས་ཚོར་གྱིས་སྐུ་ཚབ་ཚོགས་ཚུང་གི་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། སློབ་ཕྲུག་བྱིས་པ་ཁྱེད་རྣམས་པས་རང་གི་ཕ་མེས་ནས་བྱུང་བའི་རྒྱུན་སྲོལ་གོམས་གཤིས་བཟང་པོ་དང་། རིག་གཞུང་ལ་དོ་སྣང་ཆེན་པོས་སྦྱང་པ་གནང་གིན་འདུག་པ་ང་ཚོས་དངོས་སུ་མཐོང་བར་དགའ་ཚོར་དང་། བྱིས་པ་ཁྱེད་རྣམས་ནི་ང་ཚོ་བོད་ཀྱི་མ་འོངས་པའི་རེ་བ་བཅོལ་ས་ཞིག་ཡིན། དེར་མཐུན་རྐྱེན་སྦྱོར་མཁན་སློབ་མའི་ཕ་མ་ཚོ་དང་། དགེ་རྒན་ལས་བྱེད་ཚང་མར་ང་ཚོ་སྐུ་ཚབ་བཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས་ནས་མཛད་སྒོ་གྲོལ་བ་དང་། ལྷན་འཛོམས་ཀྱིས་སྐུ་དཔར་གྲོན་གནང་བ་བཅས། 
གནས་ཚུལ་མཁོ་གཏོང་བ། བརྡ་སྐྱེལ་ལྷག་པ་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།