བོད་མི་བཞིས་ཉིན་གསུམ་རིང་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག

ཉེན་རྟོག་པས་དཔར་རིས་སྟོན་མི་ཆོག་པ་བཟོས་པའི་དཔར།
ཉེན་རྟོག་པས་དཔར་རིས་སྟོན་མི་ཆོག་པ་བཟོས་པའི་དཔར།

དེ་ཡང་ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ དང་ ༣༠ ཐོག་འགོ་བཙུགས་ཏེ་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་བོད་མི་མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་གྲགས། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་ནས་བོད་ནང་གི་བོད་མི་ཚོའི་ཞུ་འབོད་ལ་བདག་སྤྲོད་མ་གནང་ཚེ། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྦར་དགོས་པ་ཆགས་ཉེན་ཡོད་པའི་སྙན་ཞུ་ཕུལ་ཏེ་ཉིན་གསུམ་རིང་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག སྙན་ཞུ་དབྱིན་ཡིག་ཐོག་བཟོས་ཏེ་རྒྱལ་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་སུམ་བརྒྱ་ལྔ་བཅུ་ལྷག་གི་ལག་ཏུ་ཕུལ་ཡོད་པ་དང་། དེ་གར་རྒྱལ་ཚོགས་ཀྱི་གཡས་གཡོན་ལ་ལྟ་སྐོར་དུ་ཕེབས་པའི་རྒྱ་རིགས་གཙོ་བོར་གྱུར་པའི་མི་མང་གི་ལག་ཏུ་སྙན་ཞུ་བརྒྱ་ཕྲག་ལྷག་འགྲེམས་སྤེལ་བྱས་ཡོད་འདུག དེ་ཡང་ཁོང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ནེ་ཝི་པེ་ལེ་མཆོག་ལ་ཕུལ་བའི་སྙན་ཞུའི་ནང་། རྒྱ་བོད་འགྲིག་མཐུན་གྱི་རེ་བ་འདི་ལ་བདག་སྤྲོད་མེད་ཚེ་བོད་མིའི་བཟོད་སྒོམ་ལ་ཚད་ཅིག་ཡོད་པ་ཡིན་པས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་ཀྱི་གཞོན་རབས་ཡོངས་ནས་རང་གི་རྒྱལ་ཁབ་ཀྱི་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་འདི་རྩ་བ་ནས་བརྗེད་མི་སྲིད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་དེ་རིང་ང་ཚོས་བོད་ནང་གི་བོད་མི་ཚོ་དཀའ་ཁག་ལས་སྐྱོབ་ཆེད་ཁོང་ཚོའི་ཚབ་བྱས་ཏེ་པུས་མོ་སར་བཙུགས་ཀྱི་གཤམ་གསལ་རེ་འབོད་འདི་དག་ཞུ་བཞིན་ཡོད་ལ། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་སྦར་མི་དགོས་པ་ཞིག་ཅིས་ནས་དགོངས་བཞེས་གནང་རོགས་ཅེས་ཀྱང་ཞུ་བཞིན་ཡོད་ཅེས་གསལ་བ་དང་། ཁོང་ཚོས་དགོས་འདུན་ཁག་ཅིག་བཏོན་འདུག་པ་ནི། ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་གླེང་སློང་དང་། ལག་བསྟར་མཇུག་གནོན་ངེས་པར་བྱེད་དགོས་པ་དང་། རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཙམ་མིན་པར་ངེས་པར་ཕེབས་ཐུབ་པ་དགོས་རྒྱུ། རྒྱལ་ཚོགས་ཀྱིས་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་འབྲེལ་མོལ་གནང་རྒྱུའི་ལྡིང་ཆ་བསྐྲུན་དགོས། ༸པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་ཐབས་བྱེད་དགོས་རྒྱུ། ཅེས་གསལ་འདུག ཁོང་ཚོས་ལས་འགུལ་སྤེལ་བཞིན་པའི་ཉིན་གཉིས་པའི་ཉིན་ཇི་ནི་ཝ་སྤྱི་ཁྱབ་ཉེན་རྟོག་པ་མཆོག་ཆེད་ཕེབས་ཀྱིས་བོད་མི་བཞི་ལ་མེར་བསྲེགས་ཀྱི་ལས་འགུལ་གནང་ཐལ་མེད་པའི་ཞུ་བ་དང་། ཉིན་ འདིར་རྒྱལ་ཚོགས་ཀྱི་གཡས་གཡོན་དུ་ལྟ་རྟོག་ནན་མོ་དང་། ལས་འགུལ་བ་བཞིའི་ལུས་ཕུང་ཞིབ་བཤེར། དགོང་དྲོ་རྒྱལ་ཚོགས་ཀྱི་མཐའ་སྐོར་ཡོངས་ཉེན་རྟོག་པས་ལྕགས་རིས་བསྐོར་བ་དང་། ཉིན་གསུམ་པ་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་པུས་བཙུགས་ལས་འགུལ་སྤེལ་གྱི་ཡོད་འདུག་པ་དང་། ཉིན་འདིར་ལས་འགུལ་བ་བཞིའི་ལྷན་དུ་ཉེན་རྟོག་པ་སྡོད་རྒྱུ་གཏན་འཁེལ་བྱས་ཡོད་འདུག་ལ། ལས་འགུལ་བ་ཚོས་འཕྲེད་དར་སྟེང་གི་རང་ལུས་མེར་བསྲེགས་ཀྱི་དཔར་དེ་བཞིན་མང་ཚོགས་ནང་བསྟན་ཡོང་དུས་ཁོང་ཚོར་རྒྱ་ནག་གིས་རྙོག་ཁྲ་ཤོད་ཀྱི་ཡོད་པ་དང་། མང་ཚོགས་ནང་ལ་ཡང་དཔར་དེ་འདྲ་འཇིགས་སུ་རུང་བ་སྟོན་ཆོག་གི་མེད་པའི་གནས་སྟངས་འོག་བཀག་ཡོད་འདུག

འཇིགས་བྲལ་བསྟན་འཛིན་ནས། འབྲེལ་ལམ་ཞུ་ཡུལ། ༠༠༤༡༧༦༤༤༠༧༨༥༩ 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།