བོད་མི་གནས་སྐོར་བ་འབོད་འགུགས་དང་བཀག་ཉར།

༼བོད་ཀྱི་བང་ཆེན།༽རྒྱ་གར་དང་བལ་ཡུལ་ནས་ཆོས་ཞུ་གནས་སྐོར་རྗེས་ཕ་ཡུལ་བོད་ལ་ཕྱིར་ལོག་བྱས་བའི་བོད་མི་ཚོའི་ནང་ཁག་ཅིག་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འབོད་འགུག་དང་མཉམ་ཕྱིར་ལོག་མ་བཏང་བར་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་འདུགགནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ནང་བའི་གནས་མཆོག་རྡོ་རྗེ་གདན་དུ། དཔལ་དུས་ཀྱི་འཁོར་ལོའི་བཀའ་ཆེན་ཐེངས་༣༢ བ་བསྩལ་གྲུབ་ནས་ཆོས་ཞུ་གནས་སྐོར་རྗེས་གཞི་ལུས་བོད་མི་མང་པོ་ཕ་ཡུལ་ལ་ཕྱིར་ལོག་བྱས་ཡོད་པ་དང་། བོད་མི་མི་ཉུང་བ་མཐའ་མཚམས་ལམ་བར་དང་འགག་སྒོ་ཁག་འདྲ་མིན་ནས་དམ་དྲག་སྔོག་བཤེར་བྱས་ཐོག། འཛིན་བཟུང་བཀག་ཉར་བྱས་ཡོད་ལ་རྗེས་སུ་རིམ་པས་རྒྱ་ནག་གི་སྤྱི་བདེ་ཚན་པས་ཉེ་བའི་ནང་ཕྱི་བསྐྱོད་བྱས་མྱོང་བའི་བོད་མི་རྣམས་འབོད་འགུག་བྱས་ནས་མིང་ཐོ་འགོད་པར་ཡོང་དགོས་པའི་བཀའ་བཏང་ཡོད་འདུགམིང་ཐོ་འགོད་པར་སོང་བའི་བོད་མི་མང་པོ་གློད་གྲོལ་མ་བཏང་བར་འདྲི་རྩད་ནན་མོ་བྱས་ནས་བཀག་ཉར་བྱེད་བཞིན་པ་རེད་འདུག། བོད་མཐའ་མཚམས་གཉའ་ནང་ཕྱོགས་ཀྱི་བོད་མི་ཞིག་གིས་བརྗོད་དོན། “ཉེ་བའི་ཟླ་བ་འདིའི་ཟླ་འགོར་རྒྱ་ནག་གི་སྤྱི་བདེ་ཚན་པས་གཉའ་ནང་གི་བོད་མི་མིང་ཐོ་འགོད་པར་འབྱོར་བ་དང་། ཡང་ན་ས་གནས་ཁག་འདྲ་མིན་ནས་རིམ་པར་འཛིན་བཟུང་བྱས་བའི་བོད་མི་གྲངས་༣༠ ལྷག་ཡོད་པའི་ཐོག། མཐའ་མཚམས་འགྲམ་གྲོང་ཚོ་ནས་ཚོང་ལས་བྱེད་མཁན་ཉེ་ཆར་ཕྱིར་བསྐྱོད་བྱས་པའི་བུད་མེད་ཨ་མདོ་རྔ་པའི་གཞོན་ནུ་སྐྱིད་དང་། བཀུར་ལོ། བཀྲ་ཤིས་སོགས་མི་གྲངས་༢༠ ལྷག་ལ་འདྲི་རྩད་བྱས་རྗེས་བཀག་ཉར་བྱས་ཡོད་འདུག བོད་མི་དེ་ཚོའི་ནང་ལ་ཉལ་ཆས་སོགས་བསྐྱེལ་དགོས་བའི་བརྡ་བཏང་ནས་ཉུང་མཐར་ཟླ་ངོ་གཅིག་ལྷག་རིང་བཀག་ཉར་བྱེད་རྒྱུ་ཡིན་སྐོར་བཤད་འདུག་”ཅེས་འགྲེལ་བརྗོད་བྱས་སོང།དེ་བཞིན་བོད་ཨ་མདོ་དང་ཁམས་ཕྱོགས་ནས་ཡིན་པའི་བོད་མི་ཚོ་བོད་ཀྱི་མཐའ་མཚམས་ནས་གྲོང་ཁྱེར་ལྷ་ས་བརྒྱུད་ཕ་ཡུལ་ལ་ཕྱིར་ལོག་བྱེད་པའི་སྐབས། ཁོང་ཚོ་གྲོང་ཁྱེར་ལྷ་སའི་ནང་འཛུལ་ཞུགས་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་པ་དང་། གྲོང་ཁྱེར་ནང་ཁུལ་ནས་གནས་སྐོར་བ་སོགས་གང་བྱུང་འཛིན་བཟུང་བྱས་ཏེ་མཉམ་དུ་མེ་འཁོར་ལ་བཅུག་ནས་གོར་མོ་ཕྱོགས་སུ་གཏོང་བཞིན་པ་དང་། དེའི་ཁྲོད་ཁག་གཅིག་དུས་ཡུན་གང་མཚམས་རྗེས་སོ་སོའི་ས་གནས་ལ་འབྱོར་ཡོད་ཀྱང་མི་ཉུང་བ་རང་ཁྱིམ་དུ་མ་འབྱོར་བར་གར་སོང་ཆ་མེད་དུ་འགྱུར་བཞིན་པ་རེད། གནས་སྟངས་དེའི་རྐྱེན་བོད་མི་མང་པོ་ཞིག་གིས་དཔལ་འབྱོར་གྱི་དཀའ་ངལ་ཡོད་མེད་ལ་མ་ལྟོས་བར་མཁའ་ལམ་བརྒྱུད་ཁོན་མིན་དང་། ཁྲིན་ཏུའུ། ཀོང་ཀྲོའུ་སོགས་བརྒྱུད་ནས་འགྲོ་ཐབས་བྱེད་བཞིན་ཡོད་འདུག་ཀྱང་། ཀན་ལྷོ་ཕྱོགས་ཀྱི་བོད་མི་ཞིག་གིས་གསར་འགོད་པར་བརྗོད་དོན། “ཉེ་བའི་ཆར་ཀན་ལྷོ་ཕྱོགས་ནས་ཡིན་པའི་བོད་མི་སུམ་ཅུ་ལྷག་མཁའ་ལམ་བརྒྱུད་ཁྲིན་ཏུའུ་ལ་འཕུར་བ་དང་། དེ་ནས་ལྷ་སར་འཕུར་ནས་གོང་དཀར་གནམ་ཐང་ལ་འབྱོར་མ་ཐག་བོད་མི་ཚང་མ་གཞུང་གིས་བཀག་ཉར་བྱས་ནས་ར་སྐོར་ཆེན་པོ་ཞིག་ལ་དུས་ཡུན་ཉིན་ཤས་བཀག་རྗེས། མེ་འཁོར་བརྒྱུད་ཉེན་རྟོག་པས་བསྲུང་ནས་ཕྱིར་ལོག་བཏང་ཡོད་སྐོར་བརྗོད་སོང་།དེ་ལྟར་ཡང་ལྷ་སར་གནས་སྡོད་བྱེད་མཁན་ཨ་མདོ་བ་ཞིག་གིས་བརྗོད་དོན། ལྷ་སའི་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ་དང་། བདེ་འཇགས་ཚན་པས་སྡང་སེམས་བྱེད་ས་གཙོ་བོ་ཁམས་དང་ཨ་མདོ་བཅས་ཕྱོགས་མཐའ་ནས་ཡོང་བའི་བོད་མི་ཡིན་པ་དང་། ཁོང་ཚོས་མདོ་སྟོད་སྨད་ཀྱི་བོད་མི་རྣམས་ལྷ་སའི་ཁུལ་ནས་ཕྱིར་ཕུད་གཏོང་ཆེད། དུས་རྒྱུན་ཁ་གཡར་ས་སྣ་ཚོགས་བཙལ་ཏེ་སུན་གཙེར་དང་ཆད་པ་འདྲ་མིན་གཅོད་ཐབས་བྱེད་བཞིན་པ་དང་། དཀའ་ངལ་དེའི་ཕྱོགས་བོད་མི་གནས་སྡོད་བྱེད་སའི་ཁང་བདག་ལྷ་སའི་གྲོང་མི་ཚོར་ཡང་རང་བཞིན་གྱིས་དཀའ་ངལ་འཕྲད་བཞིན་པར་བརྟེན། དེང་སང་ལྷ་སའི་བོད་མི་ཚོས་བོད་མི་ནང་ཁུལ་ལ་ཁང་གླ་མི་གཏོང་བའི་དཀའ་ངལ་ཡང་ཇེ་ཆེ་ཡིན་སྐོར་བརྗོད་སོང་།།མཐའ་མའི་བསྐྱར་བཅོས། ( '༢༠༡༢, ༠༢, ༡༧' )

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སམས་རགས།