བོད་པས་འཛམ་གླིང་ལ་སྲུང་སྐྱོོབ་བྱེད་ཀི་ཡོད།

ཕྱི་ལོ་༢༠༡༧ལོའི་ཟླ་བ་༦ཚེས་༩ཉིན་འཛམ་གླིང་མཉམ་འབྲེལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་བོད་རིགས་མི་མང་དང་། སུད་བོད་མཐུན་ཚོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གསུམ་གྱིས་མཉམ་འབྲེལ་སྒོས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཞིང་།སྔ་དྲོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་མདུན་ནས་ཞི་རྒོལ་གྱི་རྣམ་པས་རྒྱལ་ཚོགས་ཀྱི་མདུན་བར་དུ་གོམ་བགྲོད་སྐད་འབོད་བྱས་ཤིང་། རྒྱལ་ཚོགས་ཀྱི་མདུན་ཐང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དཔའ་བོ་དཔའ་མོ་ཚོར་མྱ་ངན་རྗེས་དྲན་གྱི་ངག་བཅད་སྐར་ཆ་གཅིག་གནས་རྗེས་ལས་འགུལ་གྱི་འགོ་བརྩམས་བྱུང་ལ། ལས་འགུལ་འདིར་རི ཀོན་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེ་དང་དགེ་འདུན་པ་རྣམས། སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག ནམ་མཁའ་རིན་པོ་ཆེ་མཆོག སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོ་མས་སྦུག་ལི་མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་དོན་ཟུར་པ་མར་ཀྲིན་སྦུར་སིག་མཆོག དབྱིན་ཇི་ནང་སྲིད་བློན་ཆེན་སྐུ་གཞོན་ཟུར་པ་དང་ད་ལྟའི་ཆར་དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོར་མན་སྦ་ཀེར་མཆོག རྒྱ་ནག་གི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ཏང་ཕིང་མཆོག ཧྥ་རན་སའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེན་ཌི་རི་གྷ་ཏོ་ལིན་མཆོག ཨི་ཀྲ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སི་ཀྲི་ཕ་ཎོ་མཆོག སུད་སི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རེ་ཎི་ལོང་ཇེ་ཏ་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀའི་མུ་ལར་མཆོག རྗེ་ནེ་ཝའི་རྒྱལ་ས་ཝེ་ཀ་ཎི་མེར་གྱི་སྤྱི་ཁྱབ་རྫོང་དཔོན་སྐུ་ཞབས་ཨི་ཡང་རོ་ཅེད་མཆོག བོད་མི་མང་སྤྱི་འཐུས་བསམ་མདོ་བྱམས་པ་ཚེ་རིང་ལགས། རྗི་ནེ་ཝ་བོད་ཀྱི་ཁང་པའི་འགན་འཛིན་སྐུ་ཞབས་ཇེག་ཨ་ནལ་མཆོག སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང་བཅས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༠༠༠ ལྷག་གིས་ཚོར་ཤུགས་རྣོན་པོས་སྒོ་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བཙོན་མ་དག་གློད་གྲོལ་དགོས་པ་དང་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་དང་བོད་ནང་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཤིང་། རྒྱལ་ཚོགས་ལ་ཞུ་འབོད་སོགས་ཀྱི་འཕྲེད་དར་ཕྱར་དེ་སྐད་འབོད་ཤུགས་ཆེ་གནང་།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་དོན་ཟུར་པ་མར་ཀྲིན་སྦུར་སིག་མཆོག་གིས་བོད་ནང་གི་རང་ལུས་མེར་བསྲེག་གཏོང་དོན་དེ་ཡང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་ཡིན་པས་རྒྱ་ནག་གིས་༧གོང་ས་མཆོག་ཕ་ཡུལ་དུ་ཕེབས་གནང་འཇུག་པར་ང་ཚོས་ཤུགས་རྒྱག་དགོས་ཟེར། གཞན་ང་ནི་ཁོར་ཡུག་ཆེད་ལས་པ་ཞིག་ཡིན་པས་ཆ་ནས་རྒྱ་ནག་གིས་རྒྱལ་སྤྱིའི་ལྡིངས་ཆར་ཁོར་ཡུག་ལས་དོན་ཐད་འཁྲབ་སྟོན་བྱེད་ཀྱིན་པའི་ཟློས་གར་མཚམས་བཞག་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མཚམས་འཇོག་དགོས་གསུངས་བྱུང་།
དབྱིན་ཇི་ནང་སྲིད་བློན་ཆེན་སྐུ་གཞོན་ཟུར་པ་དང་ད་ལྟའི་ཆར་དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོར་མན་སྦ་ཀེར་མཆོག་གིས་གསུང་དོན། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ང་ཚོས་བོད་དོན་ཐད་རྒྱབ་སྐྱོར་ནམ་ཡང་ཡོད་པས། བོད་ལ་རང་དབང་གི་ཉི་མ་མ་ཤར་བར་དུ་ང་ཚོར་ཡང་སེམས་ཀྱི་དབང་དེ་མེད་ཟེར།

རྒྱ་ནག་གི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ཏིང་ཐང་མཆོག་གིས་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་སྐབས་ཁོང་གིས་བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་ཅིག་དབྱིན་ཇིའི་དཔལ་འབྱོར་གསར་ཤོག་ནང་དང་དྲ་ལམ་ལ་བོད་དོན་དེ་གསར་ལམ་ཁག་ནས་དྲང་པོ་དྲང་བཞག་དང་བཀག་འགོག་མེད་པའི་སྒོ་ནས་སྤེལ་རྐྱེན་ཁོང་རང་རྒྱ་ནག་གི་དགྲ་བོ་ལྟ་བུ་གྱུར་ཞིང་།༢༠༡༤ལོར་ངྷ་སར་བསྐྱོད་དེ་གསར་འབྱོར་གཉིས་ལ་ཐུག་པའི་མྱོང་ཚོར་དང་། རྒྱ་ནག་གཞུང་གིས་བྱིས་པ་ཆུང་དུས་ནས་བཟུང་དམར་ཕྱོགས་ལྟ་བ་དང་མི་རིགས་རང་ལུགས། རྒྱལ་ཁབ་རང་ལུགས། མི་རིགས་ཆེན་པོའི་ལྟ་བ་སོགས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་ལ།བོད་དེ་རྒྱ་ནག་གི་ཡིན་པའི་བག་ཆགས་དེ་ཆུང་དུས་ནས་བཞག་ཡོད་རྐྱེན་གནད་དོན་ལས་སླ་མོའི་ངང་ཐག་གཅོད་དཀའ་བས་ཕན་ཚུན་བགྲོ་གླེང་བྱས་ནས་དཀའ་ངལ་དེ་སེལ་དགོས་སྐོར་སོགས་གསུང་བྱུང་།

ཧྥ་རན་སའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེན་ཌི་རི་གྷ་ཏོ་ལིན་མཆོག་གིས་བོད་ཀྱི་རང་བྱུང་གི་ཁོར་ཡུག་སྐོར་ལ་གསུང་རྒྱུར་བོད་ནི་འཛམ་གླིང་གི་ཡང་རྩེ་ཡིན་ཞིང་མཁའ་དབུགས་གཙང་ཞིང་རང་བྱུང་མཛེས། བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ན་འཛམ་གླིང་གི་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་ཡིན་སོགས་གསུངས་རྗེས། ཨི་ཀྲ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སི་ཀྲི་ཕ་ཎོ་མཆོག་གིས་༧གོང་ས་མཆོག་ནི་ཤེས་རབ་ཀྱི་སྨན་མཆོག་དང་འཛམ་གླིང་གི་སྨན་མཆོག་ཅིག་རེད། བོད་པས་འཛམ་གླིང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་སོགས་གསུངས་ཤིང་། དེ་ནས་ཡུ་རོབ་སྤྱི་འཐུས་བསམ་མདོ་བྱམས་པ་ལགས་ཀྱིས་ཆེད་ཕེབས་རྒྱལ་ཁབ་དྲུག་གི་བོད་དོན་རྒྱབ་སྐྱོར་དག་འཚམས་འདྲི་དང་སྦྲགས་ཏེ་མི་རིགས་ཤིག་གནས་མི་གནས་དེ་སྐད་ཡིག་དང་རིག་གཞུང་ལ་ཐུག་བསྡད་ཡོད་པས་ཚང་མས་སྐད་ཡིག་རིག་གཞུང་ལ་འབད་དགོས་པ་དང་། ང་བོད་པར་སྐྱེས་པ་རེད། བོད་དེ་ངའི་ཡིན། ངས་བོད་ཀྱི་ཆེད་དུ་ལས་ཀ་བྱེད་དགོས་སྙམ་པའི་དམ་བཅའ་དགོས་གལ་ཆེ་བ་དང་།ང་ཚོའི་ལས་འགན་དེ་བོད་མི་རིགས་མཐུན་སྒྲིལ་དང་བདེན་དོན་ཆེད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་མ་ཐུབ་རུང་ཞབས་འདྲེན་མི་ཞུ་མཁན་ཞིག་ངེས་པར་དུ་བྱེད་དགོས་ཤིང་། སུད་སི་དང་ཧྥ་སའི་མི་བསད་པའི་དོན་རྐྱེན་དེ་ལྟ་བུ་སོགས་མི་འབྱུང་བྱ་རྒྱུ་ཧ་ཅང་གཟབ་དགོས་པའི་བླང་དོར་གྱི་ལམ་སྟོན་གཏམ་བཤད་གནང་།

དེ་མིན་རྒྱབ་སྐྱོར་བ་གཞན་དག་གིས་ཀྱང་གལ་གནད་ཅན་གྱི་གཏམ་གཤད་གང་མང་གནང་འགྲུབ་རྗེས་ལ།ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ཆེད་ཕེབས་བོད་དོན་རྒྱབ་སྐྱོར་དག་ལ་ཐུགས་རྗེ་ཆེ་ཞུས་ཤིང་། དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་རེ་ཕུལ་རྗེས། སྐོར་བྲོ་འཁྲབ་བཞིན་སྐད་འབོད་མཇུག་སྒྲིལ་བྱུང་།
གསར་འགོད་པ།དམེ་ཚང་བཀྲ་ཤིས་རྒྱ་མཚོ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སམས་རགས།