བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་བ།

ཕྱི་ཚེས་ ༡༣ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་པ་ཡིན། ཉིན་འདིར་སུད་སུ་ས་གནས་ Krauchthall ནས་ས་གནས་བར་སྤྱི་ལེ། ༢༤ ལྷག་ལ་གོམ་བགྲོད་གནང་ཞིང་། གྲོང་ཁྱེར་ Bern ནང་བརྒྱུད་སྐབས་སུད་སི་གྲོས་ཚོགས་མདུན་ཐང་ནས་གོམ་བགྲོད་པ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། མི་མང་ལ་ཡིག་ཆ་འགྲེམས་སྤེལ་སོགས་གནང་། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས་ ༣༡ དང་། བུད་མེད་གྲངས་༡༤ བཅས་ཁྱོན་༤༥ ཙམ་དང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་གཉིས་སྟོང་སུམ་བརྒྱ་ལྷག་འགྲེམས་སྤེལ་ཞུ་ཐུབ་ཡོད།

ཉིན་འདིར་སུད་སི་ས་གནས་ Bern ཚོགས་ཆུང་གིས་གོམ་བགྲོད་པ་རྣམས་ལ་ཞོགས་ཇ་དང་། ཉིན་གུང་ཞལ་ལག། དེ་བཞིན་དགོང་མོའི་ཞལ་ལག་གྲ་རྒྱས་གོ་སྒྲིག་གནང་བྱུང་བ་དང་། ས་གནས་འདིའི་ཚོགས་མི་བསྟན་འཛིན་ལགས་ཀྱིས་ཆུ་མངར་མོ་དང་བཏུང་ཆུའི་རིགས་སྦྱིན་བདག་གནང་བར་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་བཀའ་དྲིན་ཆེ་བརྗོད་པ་དང་མཇལ་དར་བསྒྲོན།

(གསལ་བཤད། ཁ་སང་ཕྱི་ཚེས་༡༢ ཉིན་གྱི་དགོང་མོའི་ཞལ་ལག་དེ་ས་གནས་ཧོར་གྷན་ཚོགས་ཆུང་གིས་བཏང་གནང་བ་ལ་ས་གནས་སྦརན་གྱིས་བཏང་གནང་བྱུང་བ་ཞེས་ནོར་འཛོལ་བྱུང་འདུག་པར་དགོངས་སེལ་དང་། ས་གནས་ཧོར་གྷན་ཚོགས་ཆུང་གིས་གོམ་བགྲོད་པ་རྣམས་ལ་ཞལ་ལག་གྲ་རྒྱས་གནང་བར་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་དང་། གོམ་བགྲོད་པ་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ། )

སུད་སི་ས་གནས་ Wallis ནང་གནས་བཞུགས་གནང་མཁན་ཆུ་ཁར་ཞི་བ་བློ་བཟང་ཆོས་སྒྲོན་ལགས་སུ་ཐེངས་འདིའི་གོམ་བགྲོད་ནང་ཞུགས་དགོས་དོན་དང་། གོམ་བགྲོད་སྐབས་ཡིག་ཆ་འགྲེམས་སྤེལ་ཞུ་སྐབས་དཀའ་ངལ་ག་འདྲ་འཕྲད་ཀྱིན་ཡོད་མེད། དེ་བཞིན་ཡིག་ཆ་འགྲེམས་སྤེལ་སྐབས་སུད་སི་ཡུལ་མི་ཚོས་ངོས་ལེན་གནང་སྟངས་ག་འདྲ་ཡིན་མིན་བཅས་ཀྱི་ཐད་བཅར་འདྲི་ཞུས་པར། ཁོ་མོས་འགྲེལ་བརྗོད་གནང་དོན། ང་རང་གོམ་བགྲོད་འདིའི་ནང་ཞུགས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི། རང་དབང་མེད་པའི་གནས་སྟངས་འོག་ལ་བཞུགས་ཡོད་པའི་བོད་ནང་གི་བོད་མི་མང་པོ་ཞིག་གིས་སྡུག་པོ་མྱོང་བཞིན་པ་རེད། རང་དབང་མེད་པའི་འོག་ནས་རང་ལུས་མེར་སྲེག་གནང་བཞིན་པ་ང་ཚོས་མཁྱེན་གསལ་དང་། དེ་དང་དེ་མཚུངས་ང་ཚོས་ཧ་མ་གོ་བའི་ཐོག་ནས་ཀྱང་མང་པོ་ཞིག་གིས་སྡུག་པོ་མྱོང་གི་ཡོད་པ་རེད། རང་དབང་མེད་པའི་གནས་སྟངས་འོག་ནས་བོད་པའི་སྤྱི་བའི་རྩ་དོན་ཐོག་ལ་དེ་ལྟ་བུའི་འཐབ་རྩོད་ཅིག་གནང་ཐུབ་ཀྱིན་ཡོད་པ་རེད། ང་རང་ཚོ་རང་དབང་ལུང་པ་ལ་སྡོད་མཁན་གྱི་མི་ཚོས་ངོས་ནས་མི་རེ་ངོ་རེ་ནས་དེ་འདྲའི་འགན་ཞིག་འཁུར་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱིན་འདུག་བསམ་གྱིན་འདུག སྤྱིར་བཏང་བྱས་པ་ཡིན་ན་ང་རང་སྡོད་ས་ལ་ལས་ཀ་དང་སློབ་གྲྭ་སོགས་ཚང་མ་ཡོད་པ་རེད་དེ། དེ་ཚོ་ཚང་མ་དགོངས་པ་ཞུས་ནས་གོམ་བགྲོད་འདིར་སླེབས་པ་ཡིན་ལ། དེ་ཡང་སོ་སོའི་བྱེད་ཐུབ་པའི་ལས་འགན་གལ་ཆེན་པོ་ཞིག་རེད་དྲན་ནས་འདིར་འཛུལ་ཞུགས་བྱས་པ་ཡིན། ཞེས་དང་། གོམ་བགྲོད་སྐབས་ཡིག་ཆ་འགྲེམས་སྤེལ་ཞུ་སྐབས་ཆར་བ་གཏོང་བ་དང་། རྐང་པ་ན་ཡ་སོགས་དཀའ་ངལ་ཏོག་ཙམ་འཕྲད་ཀྱིན་ཡོད་ཀྱང་། སྡུག་རུས་བརྒྱབ་ནས་འགྲོ་བསྡད་ཡོད། ཡིག་ཆ་འགྲེམས་སྐབས་སུད་སི་མི་མང་ཁ་ཤས་ཀྱིས་བོད་པའི་སྐོར་ཧ་གོ་གི་འདུག་ལ། ང་ཚོ་བོད་པ་ཡིན་ཟེར་ནས་ལབ་དུས་དགའ་བོ་ཞེ་དྲག་གནང་གིན་འདུག ཁ་ཤས་ཀྱི་ཁྱོད་རང་ཚོ་ལ་དངུལ་གྱི་ཞལ་འདེབས་སྤྲོད་འདོད་ཡོད། དེ་ག་བ་ལ་སྤྲོད་དགོས་ཀྱི་རེད་ཟེར་ནས་སྐད་ཆ་འདྲི་མཁན་ཀྱང་བྱུང་སོང་། དེ་བཞིན་ཁ་ཤས་ཀྱིས་ཐག་རིང་ནས་བོད་པ་ཡིན་པ་ཧ་གོ་ནས་དགའ་བོ་གནང་མཁན་སོགས་མང་པོ་ཡོང་གི་འདུག ཅེས་གསུངས། ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སམས་རགས།