བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་དྲུག་པ།

ཕྱི་ཚེས་ ༡༩ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་དྲུག་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Rolle ནས་ས་གནས་ Cheserex  བར་སྤྱི་ལེ་ ༡༨ ཙམ་གོམ་བགྲོད་གནང་། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས།  ༤༥  དང་བུད་མེད་ ༢༧  བཅས་ཁྱོན་གྲངས་ ༧༢ ཡོད་ཅིང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། གོམ་བགྲོད་པ་རྒན་ཤོས་ཤིག་རྐང་བ་ན་རྐྱེན་རླངས་འཁོར་ནང་ཕེབས་དགོས་ཐུག་ཡོད།  ཡིག་ཆ་གྲངས་ཆིག་སྟོང་མ་ཟིན་ཙམ་འགྲེམས་སྤེལ་གནང་ཐུབ་ཡོད།

སུད་སི་ས་གནས་ Aargau ནང་གནས་སྡོད་ཞུ་མཁན་བཀྲ་ཤིས་རྣམ་རྒྱལ་ལགས་སུ་གོམ་བགྲོད་ནང་མཉམ་ཞུགས་དགོས་དོན་དང་། གོམ་བགྲོད་ལས་འགུལ་འདིས་མ་འོངས་པར་གྲུབ་འབྲས་ག་འདྲ་ཞིག་ཡོང་བའི་རེ་བ་ཞུ་བཞིན་པའི་ཐད་བཅར་འདྲི་ཞུས་པར།  ཁོང་གིས། ང་རང་ལྟ་བུ་ཞིག་ཡིན་ན་རྒྱ་གར་ནས་ལོ་བཅོ་ལྔ་ལྷག་ཅིག་བསྡད་ཡིན། དེ་ནས་ས་འདིར་སླེབས་པ་ཡིན། འདི་འདྲའི་རིང་ལ་བོད་མི་རིགས་ཀྱི་ཁེ་བཟང་ཟོས་ནས་ཡོང་བ་ཡིན། དེ་བས་བོད་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་རེད། ང་ཚོ་གོམ་པ་ཁ་ཤས་རྒྱག་བཞིན་པའི་དུས་ཚོད་ནང་བོད་ནང་ལ་ཁྲིམས་ཆད་དང་དམར་གསོད་གཏོང་བ་ལ་སོགས་མང་པོ་ཞིག་འབྱུང་བཞིན་པ་རེད། དེ་བས་ང་ཚོ་འདིར་ཡོང་ནས་དཀའ་ངལ་དེ་ཙམ་མེད་པར་སྤུན་ཉེ་སོགས་ལ་ཐུག་པའི་གོ་སྐབས་ཡོད་པ་རེད། དེ་བས་ང་ཚོས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་ཀྱི་འདུག་སྙམ་ནས་ཡོང་བ་ཡིན། ཞེས་དང་། དེ་རིང་གི་ལས་འགུལ་འདིས་རྒྱ་ནག་ལ་དྲི་བ་ཞིག་གཏོང་གི་ཡོད་པ་རེད་དྲན་གྱིན་ཡོད། ལྷག་པར་དུ་ལས་འགུལ་སུད་སི་ནང་གཞི་རྒྱ་ཆེ་ཤོས་ཆགས་ཡོད་པ་འདྲ་བས། ཡུ་རོབ་ནང་ལ་ཁྱབ་བསྒྲགས་ཡག་པོ་ཡོང་གི་རེད་བསམ་པའི་རེ་འདུག ཅེས་གསུངས་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སམས་རགས།